རས་པས།
བཀླགས་གྲངས། 985
གཡུལ་འགྱེལ་མེད་ཀྱང་ངར་ཤུགས་རྒོད།
མི་རྣམས་ཀྱི་སྙིང་ལ་རླུང་གཡུགས་ཤིང་།
ཤུགས་ཀྱིས་འཐེན་པའི་དབུགས་ནི་རི་རབ་ལ་འགོས།
རྒྱལ་དར་གྱི་ཁ་དོག་འགྱུར་སོང་ངམ།
ང་ལ་མཁྲིས་ནད་མེད་པར་སྨོན།
འོན་ཀྱང་། ཁ་དོག་མེད་པའི་རྣམ་གཞག་གི་གླེན་ཚུགས་འདིས།
བདག་གིས་གངས་རིའི་མཛེས་པ་མཐོང་ཐབས་བྲལ་བའི་སྐྱོ་བ་བསྐྱེད་བྱུང་།
ངའི་མགོ་བོར་ཅི་ཞིག་ཕོག་སོང་བ་འདྲ།
རྣ་ལམ་དུ་ཡལ་བ་མེད་པའི་སྒྲ་གཟན་ཞིག་གྲགས་ཤིང་།
འཁྲུལ་སྣང་གི་སྐད་ཅིག་དེ་དག་གི་རིང་ལ།
བརྩེ་ཞིང་དུང་བའི་འཐབ་རྩོད་ཀྱི་འབོད་སྒྲ་ཁ་ཤས།
བདག་ཉིད་བརྙས་པར་སླེབས།
ང་ལ་འགྱོད་གདུང་དང་ངོ་ཚ་ཧ་ཅང་ཆེ།
མིག་གིས་རྒྱང་རིང་མཐོང་ཐབས་བྲལ་བས།
གངས་རིའང་འཆར་ཡན་གྱི་རི་མོ་ཞིག་ཏུ་གྱུར་ཡོད།
ཡིན་ནའང་། རྫ་རིའི་ཆུ་སྒྲ་ལྟ་བུའི།
འཇགས་མེད་ཀྱི་སྐད་སྒྲར་ངར་ཤུགས་རྒྱས་ཏེ།
འོན་པ་ཚོར་ཡང་བཟོད་ཐབས་དཀའ་བའི་ཁོང་ཁྲོ་བསླངས་ཡོད།
ཨོ། ངའི་སེམས་སུ་ཕ་ཡུལ་གྱི་རི་ཆུ་འཁོར་ཡོང་།
དོན་མེད་དུ། དྲན་སྣང་སྐྱེས་ཤིང་།
རང་དབང་མེད་ཚེ།
ས་མཐར་བླངས་པའི་རྒྱལ་གླུའི་སྐྱོ་གླུ་ནི།
རི་རབ་ཀྱི་གཏིང་དུ་ཡོད་པའི་མེ་སྟག་ཅིག་ཡིན་པར་བསམ།
༢༠༢༤།༣།༢༡ ཉིན།