འབའ་སྲས་ཀྱིས།
བཀླགས་གྲངས། 911
སྟོན་ཁའི་སྤྲིན་དཀར་དང་མཚུངས་ཤིང་།།
མཚན་གུང་སྐར་ཚོགས་ལ་འགྲན་པའི།།
ལུག་ཁྱུ་མེ་ཏོག་གི་ཚོམ་བུ།།
བཀྲ་ཤིས་གཡང་འཁོར་གྱི་ནོར་བུ།།
ས་ཆུ་རི་གསུམ་གྱི་བླ་སྲོག།
འཚོ་བའི་གཞི་རྟེན་གྱི་མ་རྐང་།།
འབྲོག་པའི་ཚེ་ལྷ་དང་འདྲ་བའི།།
གཡང་དཀར་ལུག་ཁྱུ་དེ་ཡོད་ན།།
རི་འདབས་ལུག་ཁྱུ་ཡིས་གཡོགས་ན།།
ས་ལ་བཀྲ་ཤིས་ཀྱི་དགེ་མཚན།།
ལྷས་ར་ལུག་ཁྱུ་ཡིསལ་ཁེངས་ན།།
འཚོ་བའི་བདེ་སྐྱིད་ཀྱི་སྔོན་རྟགས།།
རི་ཆུ་ནགས་གསུམ་གྱི་ཀློང་ནས།།
རྟ་ནོར་ལུག་གསུམ་གྱི་ཁྲོད་ནས།།
ལུག་གི་ཚེ་ཐག་དེ་ཐུང་སོང་།།
འབའ་སྒྲ་དུང་སྐད་དེ་ཆད་སོང་།།
འཚོ་བ་སྟབས་བདེ་ལ་དགའ་ནས།།
ལུག་ཁྱུ་འཚོ་སྐྱོང་ལ་མ་དགའ།།
གཡང་ལུག་རྒྱ་ལག་ལ་བཞག་ནས།།
རང་ས་སྐྱ་ཁོག་གི་བཏང་སོང་།།
རི་འདབས་སྤྲིན་དཀར་གྱི་ཁ་བཏགས།།
ཁ་བ་བུ་ཡུག་གིས་ཟད་སོང་།།
སྤང་ཐང་མེ་ཏོག་གི་ཚོམ་བུ།།
དབྱར་ནག་ཚ་བ་ཡིས་སྐམ་སོང་།།
རྒན་གྱའི་སྤང་ཐང་གི་གཡང་ལུག།
འབྲོག་པའི་ལག་མཐིལ་ནས་ཚར་སོང་།།
གཡང་དཀར་དུང་དཀར་གྱི་འབའ་སྒྲ།།
འབྲོག་པའི་རྣ་ལམ་ནས་ཡལ་སོང་།།
སྔོ་ལྗང་སྤང་ཐང་དང་རྩྭ་ཐང་།།
ས་ནག་རྡུལ་ནག་ཏུ་གྱུར་སོང་།།
ཁ་ཞག་སྣུམ་ཞག་གི་འཚོ་བ།།
གོ་རེ་སྐྱ་ཐོ་ཡི་བཏང་སོང་།།
གཡང་དཀར་ལུག་རྫི་ཡི་ལ་གཞས།།
བུ་མོའི་ངག་སྒོ་ནས་ཆད་སོང་།།
ལུག་ལ་དཔེ་བཞག་གི་གཏམ་དཔེ།།
རྒན་པོའི་ཁ་ནང་ནས་ཚར་སོང་།།
འཚོ་བ་ཉམས་ཆག་གི་སྟེང་ལ།།
རིག་གནས་ཉམས་ཆག་ཏུ་བཏང་ན།།
རྒན་གྱའི་གངས་ཕྲུག་གི་མིག་ནས།།
མཆི་མ་ཤམ་ཤམ་དུ་བཞུར་སོང་།།
རང་ས་ལག་མཐིལ་དང་འདྲ་བོར།།
ལུག་གིས་བདེ་མོ་རང་བཞག་ན།།
ལུག་རྫི་རྒད་པོ་ཡི་སྐྱོ་གླུ།།
མིག་ཆུས་བྲན་པ་ནི་ལས་བྱེད།།
འབྲོག་པ་ཕྱུག་ཟོག་གིས་བསྐྱངས་ཀྱང་།།
འབྲོག་པས་ཕྱུག་ཟོག་ནི་བཙོངས་སོང་།།
ལག་རྟེན་ལག་པ་ཡིས་གཡུགས་པས།།
ལག་སྟོང་མཆན་སྟོང་དུ་གྱུར་སོང་།།
རྒན་གྱའི་གངས་ཕྲུག་ཏུ་འབོད་པས་གོང་གསལ་གོ་བདེ་ཞིག་འབྲི་རོགས་ཞེས་སྐུལ་ངོར། ༢༠༢༤/༠༣/༡༠