Back To Top

གྲོད་ཁོག་ལུག་ལུག

འབའ་སྲས། 

བཀླགས་གྲངས། 753

 

མི་རྒན་ཚེ་མཇུག་འདྲ་བའི་གྲོས་ཚོགས་ལ་ལྟ་དུས།
མགྱོགས་འཕྲིན་སྐད་འཕྲིན་ནང་གི་ཚོང་བ་ཚོ་དྲན་བྱུང་།།
ཕོ་གསར་གོས་དཀར་གྱོན་པའི་གོང་བ་ལ་ཆགས་པའི།།
ཁ་བ་ནམ་ཞིག་བཞུ་ལ་སེམས་འཚབ་རང་སྐྱེས་སོང་།།

སྡོང་ལོ་སེར་པོ་ཆགས་པའི་སྐྱིད་སྡུག་དེ་མི་གླེང་།།
ཁ་དང་སྣ་ཡི་ཆེ་ཆུང་ཡང་ཡང་དུ་རྩོད་པའི།།
རི་འདབས་གྲིབ་མ་གྱོན་པའི་གྲོས་ཚོགས་ལ་ལྟ་དུས།།
སྒྲོལ་མའི་སྒོ་དར་རླུང་གིས་ཁུར་བ་དེ་དྲན་བྱུང་།།

ཟླ་མེད་གཏམ་རྒྱུད་ནང་གི་འབངས་ཁོལ་དང་འདྲ་ཞིང་།།
གེ་སར་སྒྲུང་གི་ཨ་ཁུ་ཁྲོ་ཐུང་དང་མཚུངས་པ།།
ལོ་མ་སེར་པ་བཞད་པའི་ཆུ་ཤིང་དག་མཐོང་ན།།
བདག་གི་ཁྱིམ་ན་ཡོད་པའི་གླང་དམར་དེ་དྲན་བྱུང་།།

གད་སྙིགས་ཞེས་པའི་སྒྲུང་གཏམ་གྲགས་ཆེན་དེ་ཀློག་ཞོར།།
དཔྱིད་དཔལ་རྒྱས་པའི་མེ་ཏོག་འཛུམ་བརྒྱ་ལ་ལྟ་ཞོར།།
སྤྱི་ཚོགས་ཀུ་རེ་རྩེས་པའི་རྩྭ་ཤིང་ཚོ་མཐོང་ན།།
བདག་གི་ཁྱིམ་གྱི་མ་མོ་གཟའ་རོ་དེ་དྲན་བྱུང་།།

བྲང་གཞུང་ཚ་བོ་ངོས་ཀྱི་མེ་དྲོད་ནི་ཉམས་ཤིང་།།
རུམ་ཁ་དྲོན་པོ་སྟེང་གི་དུང་གཤེར་ནི་སྐམ་པའི།།
གློག་གི་འཕྲུལ་ཆས་འདྲ་བའི་གཏོར་མགོ་ཚོ་མཐོང་ན།།
བདག་གི་ཁྱིམ་གྱི་རླངས་རྫས་དམར་པོ་དེ་དྲན་བྱུང་།།

རྒྱལ་ཁབ་གསུམ་གྱི་དཔའ་རྒོད་ཚའོ་ཚའོ་དང་འདྲ་ཞིང་།།
ཆུ་ངོགས་གཏམ་རྒྱུད་ནང་གི་ལོས་ཁྲུང་དང་མཚུངས་པ།།
དྲང་བདེན་སྤྱི་སྙོམས་སེམས་དང་ལག་པ་གཉིས་རིང་བ།།
བྱ་ཆེན་ཁྱུང་ཁྱུང་འདྲ་བ་དེ་དག་ལ་ཕྱག་འཚལ།།

གྲོད་ཁོག་ལུག་ལུག་ཕྱོགས་ཞེན་རླངས་དབུགས་ཀྱིས་ཁེངས་ཤིང་།།
སྐྲ་མེད་ཀླད་པ་འཐེན་ཁྱེར་ཁུག་མ་རུ་གྱུར་པའི།།
ཆད་ནད་འགོས་པའི་དབེན་པའི་ཆུ་ཤིང་གི་མེ་ཏོག།
ད་ནི་རྟེན་སྐལ་མི་བྱེད་གཏོར་ཟློག་ཏུ་བརྫངས་འཇོག།
༢༠༢༤/༠༣/༢༩

2024-04-26 ཐོས་པ་དགའ།
2024-04-26 ཐོས་པ་དཧའ
2024-04-26 ཐོས་པ་དགའ།
སྟོང་པ་གཅིག་ཤོར་སོང་བས་དགོངས་དག་ཞུག 
2024-04-01 ཤེད བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།