Back To Top

ཁྱམས་རའི་སྙན་ངག ཚན་པ་གཉིས་པ།

འབའ་སྲས། 

བཀླགས་གྲངས། 707

དྲིན་ཆེན་ཕ་མ་ཡིས་མིང་ལ་རྟ་མགྲིན་བཏགས།།
རྩ་བའི་བླ་མ་ཡིས་བསམ་གཏན་རྒྱ་མཚོ་གསོལ།།
འབའ་སྲས་སྙུག་མིང་ནི་རང་གིས་རང་ལ་བཏགས།།
སྣ་ཚོགས་མིང་ཅན་ནི་ཁྱམས་རའི་སྙན་ངག་པ།།

ཁ་སྒང་སྡེ་བ་ནས་ཀ་ཁ་ག་ང་སྦྱངས།།
སུམ་མདོ་རྫོངས་ཐོག་ནས་སུམ་རྟགས་དག་གསུམ་བསླབས།།
བླ་བྲང་དགོན་པ་ནས་ཨ་བོ་ཨ་ཁུ་བྱས།།
ལྡི་ཚ་དགོན་པ་ནས་རྭ་བསྡུས་བསེ་བསྡུས་བརྩད།།

ཁ་སྒང་སློབ་ཆུང་ནས་དུ་བ་དུ་སྣེ་བརྩད།།
མི་རིགས་སློབ་འབྲིང་ནས་དགའ་ས་མཐུན་ས་བརྩད།།
ཟི་ལིང་གྲོང་ཁྱེར་ནས་ཅ་ལག་རིན་གོང་བརྩད།།
ཉི་མ་ལྷ་ས་ནས་ཇོ་མཇལ་སྔ་གཞུག་བརྩད།།

ཟི་ལིང་བསླེབས་མ་ཐག་རྒྱབ་ཀྱི་ཅ་ལག་བོར།།
གོར་མོའི་མེ་འཁོར་ནང་ལག་གི་སྒོར་མོ་བོར།།
ནགས་ཆུ་རྒྱུད་སྐབས་སུ་ཁ་ངོ་ནག་པོ་ཆགས།།
ལྷ་སར་འབྱོར་མ་ཐག་ཨ་ཁུའི་སྡོམ་པ་ཤོར།།

བླ་བྲང་བུ་མོ་ཡིས་བླ་བྲང་ལོག་འགྲོ་ཟེར།།
ལྷ་སའི་ཨ་ཅག་གིས་ལྷ་སར་བཞུགས་རོགས་ཞུས།།
ཆུང་མ་གཉིས་ལེན་ནི་རང་ཡུལ་མི་དཔེ་པས།།
ཨ་མདོའི་ཨ་བོ་ང་རྒྱ་གར་ཡུལ་ལ་བྲོས།།

རྩམ་ཁུག་ཆུང་ཆུང་ནང་རྩམ་པ་གང་བརྫངས་ཤིང་།།
ཀོ་ལྷམ་བདེ་བོ་ཞིག་རྒྱབ་ཁུག་ནང་བཅུག་ནས།།
གློ་གྲི་ཐུང་ཐུང་ཞིག་བརླ་ཡི་ཟུར་སྣུར་ནས།།
ཉི་མ་ཉི་ཤུའི་ནང་རྒྱ་གར་འབྱོར་སོང་ང་།།

རྡ་སར་སླེབ་མ་ཐག་དགའ་སྤྲོའི་ཡིད་དབང་ཤོར།།
བླ་མར་མཇལ་མ་ཐག་དད་པའི་མིག་ཆུ་ཤོར།།
ཨ་ཁུའི་སྡོམ་ངན་དེ་ཤོར་བའི་བཀའ་དྲིན་ལ།།
ཐམས་ཅད་མཁྱེན་པ་ལ་མཇལ་ཐུབ་དོན་ཆེན་ཡིན།།

ཅི་ཙམ་་དགའ་ན་ཡང་སྡུག་ཅིག་ཡོད་ཐག་ཆོད།།
ཉི་མ་ནུབ་རྗེས་སུ་མཚན་མོའི་མུན་པ་བཞིན།།
འཚོ་བའི་དཀའ་ངལ་ཐོག་མཆིན་པའི་ན་ཚ་འཕོགས།།
ཅུང་ཙམ་མིན་ན་ང་ལྔ་བའི་ལམ་དུ་བརྫངས།།

སྐྱེས་པ་སྔོན་མ་ཡི་ཚོགས་བསགས་ཡིན་ནམ་ཅི།།
གཤིན་རྗེ་རྗེ་བོ་ལ་དགོས་མཁོ་མེད་དམ་ཅི།།
འཆི་ན་འདོད་ན་ཡང་མ་ཤི་ཚེ་ཐར་ང་།།
སྡུག་དང་དཀའ་ལས་གཉིས་མྱངས་པ་ཉུང་ཉུང་མིན།།

ཀ་རྡོར་སྒང་གསུམ་ནས་ཀ་ར་ཀོ་རེ་བཙོང་།།
མན་ལོར་སྲང་ལམ་ནས་ཤ་ཡི་མོག་མོག་བཙོང་།།
ར་བདེ་ཀ་གསུམ་ནས་ར་མའི་རུམ་གདན་ཐགས།།
ཉིན་རེའི་འཚོ་བ་ཡི་ཡོང་སྒོ་འདི་ནས་བཙལ།།

མི་ཚེའི་འགྱུར་ལྡོག་ནི་སྐད་ཅིག་མ་ཞིག་རེད།།
འཚོ་བའི་ཡོང་སྒོ་ཡང་ད་ད་ད་ཞིག་རེད།།
རྒྱན་འཇོག་ལྟ་བུ་ཡི་མི་ཚེའི་འཚོ་བ་ཡི།།
སྐྱིད་པའི་ཉི་མ་ནི་ཤར་བ་འདི་ནས་བརྩམས།།

ཤེས་རབ་དགའ་ཚལ་གྱི་དགེ་རྒན་ལྷག་བསམ་ཅན།།
ཙོང་ཁ་ཟ་ཁང་གི་སྦྱིན་བདག་སྒོར་མོ་ཅན།།
ཡར་འགྲོ་མར་འགྲོ་ཚོས་བརྩི་བཀུར་བྱེད་པ་ཅན།།
ཨ་མདོའི་ཨ་བོ་ང་ཚང་མས་ཡར་ལ་འཇོག།

རྐང་པའི་བརླ་བར་ན་སྦག་པ་དཀར་པོ་ཞིག།
རྣ་དང་ལག་བར་ན་ཁ་པར་དམར་པོ་ཞིག།
རྒྱབ་ལ་ཁུར་བ་ནི་ཀོ་ཁུག་ནག་པོ་ཞིག།
མཛེས་མའི་མིག་ལམ་ན་ཕོ་གསར་རྫིག་པོ་ཞིག།

ཧྥ་གོ་པ་ལེ་ན་ང་ལ་སློབ་གྲྭ་ཞིག།
བོད་ཡིག་སློབ་པ་ཡི་ང་ལ་སེམས་ཤུགས་ཤིག།
བོད་སྐད་བོད་ཡིག་གི་དོན་ལ་ཐུག་སོང་ན།།
ཁྱམས་རའི་རྒད་པོ་ང་འཆི་ཡང་འགྱོད་པ་མེད།།

ཁྱམས་རའི་སྙན་ངག་པའི་ལོ་རྒྱུས་སྤྱི་བཤད་དེ་ལེའུ་གཉིས་པའོ།། །།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།