Back To Top

ཉེ་རབས་ཀྱི་སློབ་ཐོན་པ།

འབའ་སྲས། 

བཀླགས་གྲངས། 892

 

སློབ་གྲྭར་ཐོག་མར་འགྲོ་དུས་བོད་རིགས་ཡིན།།
སློབ་ཐར་ཕྱིན་ནས་ཡོང་རྗེས་བོད་ལོག་ཡིན།།
བོད་ཀྱི་ཆ་ལུགས་འགྱུར་པའི་བོད་པའི་བུ།།
ཤེས་ཡོན་ཅན་དུ་གྱུར་ཀྱང་དགའ་བ་མེད།།

སློབ་གྲྭར་མ་སོང་ཕ་མར་བརྩི་བཀུར་ཆེ།།
སློབ་གྲྭ་ཐོན་རྗེས་ཕ་མར་མིག་ལོག་ཆེ།།
ཡི་གེ་ཤེས་ཀྱང་ཕ་མ་བརྗེད་སོང་བའི།།
བུ་ཕྲུག་དྲིན་ཤེས་མེད་པ་འདི་ཚོ་སྡིག།

སློབ་གྲྭར་འགྲོ་དུས་ཡ་རབས་སྤྱོད་བཟང་ཡིན།།
སློབ་ཐར་ཕྱིན་རྗེས་ངན་གོམས་སྐྱག་ལངས་ཡིན།།
ཆ་ལུགས་སྤྱོད་པའི་ནང་ན་ཕྱི་ལུགས་མང་།།
སྐད་ཆ་ཚིག་གཅིག་ནང་ན་སྦྲགས་སྐད་མང་།།

སློབ་གྲྭར་འགྲོ་དུས་རྩམ་པ་འཁུར་ནས་སོང་།།
སློབ་ཐར་ཕྱིན་རྗེས་རྩམ་པ་གཡུག་ནས་ཡོང་།།
རྩམ་དྲི་བོད་དྲི་མི་བྲོ་སློབ་ཐོན་པ།།
བརྒྱ་ཕྲག་སྟོང་ཕྲག་བྱུང་ཡང་དགོས་པ་ཅི།།

དཀའ་ལས་སྡུག་ལས་ཐུབ་པའི་བུ་མོ་དེ།།
སློབ་ཐར་ཕྱིན་རྗེས་ལེ་ལོ་ཅན་དུ་གྱུར།།
ཡ་རབས་འདུད་ཚུལ་ཤེས་པ་མེད་པའི་ཐོག།
མ་རབས་གོམས་གཤིས་མང་བ་འགོས་ནས་ཡོང་།།

རྟ་མཆོག་ཁ་ལོ་འདུལ་མཁན་བུ་རྒོད་དེ།།
སློབ་ཐར་ཕྱིན་རྗེས་ཕག་པ་ཞིག་གི་གྱུར།།
ལྟོ་འདོད་ཆེ་ཡང་ལས་འདོད་མེད་པ་ཡི།།
རྣ་བ་འཁོར་ལོ་ཅན་དང་གཅིག་ལ་གཅིག།

སྐད་འཕྲིན་མགྱོགས་འཕྲིན་ནང་ན་ཁྱི་སིག་སིག།
རང་གི་ཁྱིམ་ཚང་ནང་ན་རྒྱ་འདུག་འདུག།
ཚེགས་མེད་སྒོར་མོ་ཐོབ་ན་དགའ་ཀྲོག་ཀྲོག།
ཉིན་མཚན་ལས་ཀ་མེད་ན་སྤྲོ་ལྷང་ལྷིང་།།

སྒོར་མོ་ཡོད་ན་དེ་ཡི་རྗེས་སུ་འབྲང་།།
དཔོན་ས་མཐོ་ན་དེ་ལ་ཞབས་ཞུ་སྒྲུབ།།
ཕ་མ་གཉིས་ལ་གཅེས་སྐྱོང་མི་བྱེད་པའི།།
ཉེ་རབས་སློབ་ཐོན་སློབ་མ་ཇེ་མང་རེད།།

བུ་དང་བུ་མོ་སློབ་གྲྭར་མ་བསྐྱལ་བར།།
གྲྭ་དགོན་ཇོ་དགོན་ཞིག་ལ་མངགས་ཡོད་ན།།
ཤེས་ཡོན་འབྱོར་ལ་ཆ་ལུགས་མི་འགྱུར་ཞིང་།།
མི་གཤིས་ཚད་མཐོ་འགྲིམ་པ་ཐག་གིས་ཆོད།།

དྲང་བདེན་བརྩི་བཀུར་བརྩོན་འགྲུས་ཅན་ཡོན་ཏན།།
ཆ་ལུགས་མི་འགྱུར་ལྷག་བསམ་གོང་དུ་འཕེལ།།
རང་གི་རིགས་ཀྱི་ངོ་གདོང་འཛིན་ཐུབ་ན།།
གྲྭ་ལོག་ཇོ་ལོག་བྱས་ཀྱང་འཕྱ་དམོད་མེད།།

༢༠༢༤/༠༤/༡༤ ནམ་ལངས་ཁར།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།