འབའ་སྲས།
བཀླགས་གྲངས། 778
ངག་རིག་ངག་གི་ཐ་སྙད་རྨོངས་པའི་བུ།།
སྲིད་པ་མི་ཡི་འགྲོ་ལུགས་རྫོགས་པའི་མི།།
ཕར་འགྲོ་བསྡད་ཤུལ་རང་གཟུགས་ཆད་སོང་བའི།།
ཉེ་རབས་སློབ་ཐོན་པ་ཡི་རྣ་བས་ཉོན།།
མཚོ་ཆང་བཏུང་བས་ལག་ལྡན་མྱོས་པ་ལྟར།།
སྲོག་འཛིན་གསེར་གྱི་ཀ་བ་བཤིག་པའི་བུ།།
ངག་རིག་ཉི་ཟེེར་བྱེ་བ་འབབ་པའི་རིར།།
ཞབས་རྟེན་འཁོར་ལོ་བོར་བའི་རྐང་ཐང་བཞིན།།
མན་ཤེལ་ཟླ་བའི་ཟེགས་མ་སྤུངས་པ་ལ།།
གཉིས་འཐུང་ཕྲག་དོག་རྣ་བའི་ཞགས་པ་ནི།།
སྟོབས་ཀྱིས་བསྐྱང་ལ་དཀའ་ཐུབ་མ་བཟོད་པས།།
གཟིག་པགས་གྱོན་པའི་བྱོལ་སོང་སྤུན་ལ་བསུ།།
དྲི་ཞིམ་བསུང་གི་ཞལ་སྐྱེས་ཨུཏྤ་ལ།།
ལང་ཚོ་གསར་བའི་མིག་འདབ་རབ་རྒྱབ་མ།།
ཁྱོད་ཚོ་ཡིན་ན་ཆོག་མོད་མ་ཡིན་པས།།
རྗེས་ཆགས་དཔྲལ་བའི་མིག་གི་ཆུ་འདི་བཞུར།།
རྡོ་བའི་རྣ་ཅན་ལྟོ་ཆས་སྦྱིན་ན་ཡང་།།
ལེ་ལོ་ལས་བཞི་རླུང་གིས་བཅུགས་སོང་བས།།
སེང་གེ་ལྟ་བུའི་གཡུ་རལ་གཡོ་བའི་ངང་།།
གཉིས་འཐུང་ཀླད་པ་འགེམས་པའི་སྙིང་རྩ་ཆུང་།།
གསལ་བྱེད་མེ་ཏོག་ཁ་ལས་འཛུམ་ཙམ་ལས།།
ཤེས་བྱའི་གཏེར་ཡིག་ཕྱི་ཡི་རི་མོ་ཙམ།།
ཕོ་རོག་ཁུ་བྱུག་འགྱུར་ལ་བརྫུ་བ་ཡི།།
རྨ་བྱ་སྒེག་མོའི་ཉམས་ཀྱི་མཐའ་འདི་ཟད།།
ཅི་ཡང་མ་བསྒྲུབས་གྲུབ་པའི་འཇིག་རྟེན་ཞིག།
མཚམས་སྤྲིན་མ་འཐིབས་ཉི་མ་སེར་པོ་ཞིག།
འདོད་པ་རངས་པའི་དེང་གི་སློབ་ཆེན་པ།།
གད་སྙིགས་ཐལ་རླུང་ཁྲོད་ན་རྨི་ལམ་མང་།།
གདོང་དམར་བ་ཡི་གདོང་གི་སྐྱོ་གར་ཞིག།
ལྷོག་ལྷོག་ལྡིང་བའི་སྙིང་གི་ཟུངས་ཁྲག་ཅིག།
ཆག་སྒོ་ཤོར་བར་རུས་པའི་ཁ་སྣོན་ཞིག།
ཡོད་ན་ཨ་མའི་བུ་ཞེས་སྙིང་ལ་རྒྱན།།
གངས་དཀར་ཁ་གདན་རི་བོའི་རྩེར་བཤམས་ནས།།
གཙང་བོའི་འགྲམ་ལ་དར་ཆགས་ངུ་ཤོར་ནས།།
བརྩེ་བའི་རླུང་རླབས་རིགས་ཀྱི་རྗེས་སྙེག་ནས།།
རྒྱང་བཞུད་གོམ་འགྲོས་དལ་ལྷོད་མེད་པར་སྡོངས།།
༢༠༢༤/༠༤/༡༤ ཉིན་གུང་།