འབའ་སྲས།
བཀླགས་གྲངས། 937
འཚོ་བ་ཀུ་རེ་ཡིན་པའི་གར་སྟེགས་ནས།།
མི་ཡི་ཚེ་ཚད་བསླུ་བྲིད་ཐེངས་མ་གཅིག།
གས་ཆག་མ་ཤོར་བརྩེ་ལྡན་ཁྱིམ་ཚང་ནས།།
རྨི་ལམ་བཞིན་དུ་ང་ལ་ཁྲིམས་ལུགས་མེད།།
སྐྱེས་པ་ཞིག་གི་སྐྱེ་བ་བླངས་དང་ནས།།
གྲྭ་ལོག་ཅིག་གི་ཞྭ་ནག་གྱོན་དང་ནས།།
ངོ་གདོང་གཅིག་གིས་འདོད་པ་མ་ཚིམས་པས།།
རུས་རྐང་ཁྲག་གི་མཛའ་འཕྲིན་གཞན་པ་སྤྲིངས།།
དྭངས་མོ་མཚོ་ཡི་འཕྲིན་ཡིག་འབྱོར་ཐང་རེར།།
དྲན་པའི་མཆི་མས་གདོང་གི་དྲེག་པ་བཀྲུས།།
གདུང་བའི་དབུགས་རིང་ཤུགས་ཀྱིས་ཤོར་བའི་ཚེ།།
ཁྱམས་རའི་འགྲམ་གྱི་སྡོང་བོའི་ཡལ་ག་འདར།།
ཀླུ་མོ་མཚོ་ཡི་འདྲ་པར་བསྐུར་ཐེངས་རེར།།
འདོད་པའི་རྟ་པོ་བང་དུ་རྩེན་ན་ཡང་།།
སྐར་ཆེན་ལྟ་བུའི་བུ་ལ་འདང་རྒྱག་དང་།།
ཆུང་མ་ལ་ཡང་ཁྲེལ་མེད་མ་བྱས་བཞག།
སྐལ་བཟང་མེ་ཏོག་མཛེས་པ་མཛེས་མའི་རྒྱན།།
རྒྱུ་དང་འབྱོར་བ་ཕུན་སུམ་ཚོགས་པ་ཉིད།།
ཀུན་སྤྱོད་བསམ་བློ་ང་དང་མཐུན་མོད་ཀྱང་།།
ལས་དབང་མེད་པས་ང་ལ་དབང་མ་སོང་།།
མི་ཡུལ་རི་ཚོགས་ཕུ་ནུའི་དབུང་རྡང་དང་།།
མི་ཡི་ཆུ་མོ་མ་སྲུའི་མིག་ཆུ་སྟེ།།
བདག་གི་དོན་ལ་མིག་ཆུ་མ་ཆད་པའི།།
ཤར་པའི་བུ་མོ་དེ་ནི་སྙིང་མ་རྗེ།།
ཕར་ལ་ཤི་འཐེན་རོ་འཐེན་རོ་འཐེན་བྱས་མྱོང་ཞིང་།།
ཚུར་ལ་ང་དགའ་ཁྱོད་དགའ་བཤད་མྱོང་བའི།།
སེམས་ཀྱི་གཏིང་ནས་ད་དུང་བརྗེད་མེད་པའི།།
ཉེ་འགྲམ་བརྩེ་ལྡན་མ་རྣམས་སྐབས་སུ་འཇོག།
ས་དང་ལམ་གྱིས་དེད་ན་ཐག་རིང་ཞིང་།།
སེམས་དང་བརྩེ་བའི་མདུད་པ་ཐག་ཉེ་བ།།
ཉི་མ་རེ་ལ་ཁ་པར་མི་ཆད་པའི།།
བདེ་སྐྱིད་འཚོ་ལ་སྙིང་གཏམ་གློད་མྱོང་མེད།།
དབྱར་ས་བསིལ་དྲོད་མཉམ་པའི་འབྲོག་ས་ནས།།
བརྡ་རྟགས་ཡོད་མེད་གཉིས་ཀའི་ས་མཚམས་ནས།།
སྙིང་གཏམ་ལ་གཞས་བླངས་པའི་འབྲོག་མོ་ཁྱོད།།
ཉི་མཚན་གཉིས་ལ་མ་བརྗེད་གླེང་གི་ཡོད།།
ཕ་ཡུལ་རླུང་གིས་འཁུར་ན་འགྱོད་པ་ཆེ།།
མིག་ཆུ་མཚོ་ལ་འཁྱིལ་ན་སྡུག་བསྔལ་ཆེ།།
སེམས་འཁུར་རི་ལས་མཐོ་བའི་མཛའ་བ་ལས།།
མཛའ་མོ་དྲན་པའི་སྙན་ངག་མཆི་མས་བྲིས།།
ཁྱམས་རའི་སྙན་ངག་པའི་སྒོ་འགྲམ་གྱི་གསང་བ་བརྗོད་པ་སྟེ་ལེའུ་གསུམ་པ་འོ།།