བཀླགས་གྲངས། 752
ཨ་དོན་ཉིས།
འགྲེམ་སྟོན་ཁང་དུ་སྐུ་མང་པོ་འདུག
ཨ་ཧྥུ་རི་ཁ་ནས་ཡིན་པའི་མི་སེར་གྱི་པགས་པ
ནུབ་ཡོ་རོབ་གླིང་གི་རིག་རྩལ་བསྐྱར་དར་གྱི་མེ་འཁྱག་པ
གདོང་དབྱིབས་བོད་དང་འདྲ་བའི་Indian མི་རིགས
ཡིད་ཆད་ཀྱིས་གདུང་བའི་རྒྱ་ནག་གི་ལྷ་ཁང་དང་རྡོ་སྐུ
འགྲེམ་སྟོན་ཁང་དུ
ཁ་མི་གྲག་པའི་སྟོན་པ་མང་བོ་འདུག
ཕ་གིའི་གྱང་ངོས་སུ
མགོ་ལ་དོར་མ་གྱོན་པའི་མི་ཕོ་ཞིག་དཔྱངས་འདུག
དབུ་སྐྲ་ས་ལ་དབྱུངས་པའི་འོད་ཟེར་འཕྱོ་ཞིང་ལྡེམ
ཚི་དྲེག་ཆགས་པའི་བོད་ཀྱི་རྟེན་མཛོད་ཁང
གསལ་ལ་མི་གསལ་བའི་གློག་གི་མཆོད་མེ་དང་ཁ་བཏགས་རྫུན་མས་གཡོགས་འདུག
ངས་ཁ་བཏགས་ལས་འགུལ་བ་གཅོད་པ་ཐར་དྲན་ཞོར
ཐང་གའི་ངོས་ཀྱི་ཕོ་མཚན་ལ་རོལ་མོ་དཀྲོལ
བསྐལ་པ་ཡ་ཐོག་ནས་ལྡང་བའི་རླུང་འཚུབ་ལ་ལག་པས་རེག
ཡིག་རྙིང་དང་ཤོག་དྲིལ་གྱི་བར་གསེང་ཉུལ
འགྲོ་ཞོར་དུ
ཤེལ་སྒོའི་ནང་གི་ཀེང་རུས་དག་ལ་འདྲོགས་བསླངས་དུས
ཞབས་ཕྱི་པའི་མིག་ཟུང་ལས
ང་ནི་སྨྱོན་པ་ཞིག་གོ་སྙམ་པའི་འོད་ཕྲན་བུ་བཞུར་འོང
༢༠༢༥/༥/༡༦ མ་ཎི་སོ་ཊའི་འགྲེམ་སྟོན་ཁང་དུ་བྲིས། ཨ དོན་ཉི།
