Back To Top

པཱ་ལགས།

བཀླགས་གྲངས། 596

ཨ་དོན་ཉིས།


——-ཨ་ཕའི་ཉིན་མོ་འདིར་འབྲོག་མི་སྐྱེས་ཆེན་ཕལ་པ་ཁོང་ལ་ཕུལ་བའི་སྙན་ངག

ཁྱེད་རང་རྩྭ་ཐང་གི་ཆང་ཁང་ཞིག་ན་བཞུགས་འདུག
ཕ་ཡུལ་གྱི་སྲང་ལམ་དང་སྡེ་འདབས་ན་ལུས་འདུག
ང་ཡི་གངས་རིན་པོ་ཆེ་ར་བཟི་འདུག

ཁོང་གིས་ང་རང་ཁྲིད་ནས
མཐའ་ཡས་པའི་སེམས་ཁོང་ལ་ལོག
ས་སྲོད་ཀྱི་གཙང་བོ་ལ་བརྒལ

ངས་རྨི་ལམ་ནང་གི་ཞོགས་པ་ཞིག་གཡར་ནས་ལྟ་དུས
ཡུལ་གདུང་དང་ཁེར་རྐྱང་གི་ཁྲོད་ནས
ཁྱེད་རང་སྤྱན་ཆབ་ཉིལ་འོངས

ཁྱེད་གང་དུའང་མི་འགྲོ་བར
འདི་ནས་བཞུགས་རོགས
ང་མགྱོག་པོར་སོང་ནས་རྟ་ཕོ་ཞིག་བླུ་འོང
འུ་གཉིས་ཕ་ཡུལ་ལ་འགྲོ
རི་གསུལ་གྱི་རྩེ་ལ་འགྲོ

སྲང་ལམ་གྱི་འདམ་ཆུའི་ནང་འགྱེལ་ཞོར
ང་བྱེས་ཀྱི་གངས་རི་ལ་འཛེགས
ནམ་མཁའི་ལྕགས་སྒོ་རྡུང་བཞིན་ཐག་རིང་ལ་བྲོས

པཱ་ལགས
ཁྱེད་རང་རྒྱང་དུ་ཡལ་ནས་ཡུན་རིང་འགོར་ནའང
མཚན་མོའི་གཏིང་ཟབ་ས་ནས
ང་ལ་སྐོར་བ་ཡང་ཡང་བརྒྱབ་འོངས

རླུང་གིས་གནང་ཞིང་རླུང་ལ་ཐིམ་པའི་ཀེང་རུས
སྐུ་ཉིད་ངའི་རྨི་ལམ་དུ་ཕེབས་པར་ཐུགས་ཧ་ཅང་དགྱེས་པ་འདྲ
ཡང་ན་ངས་ཁྱེད་རང་དྲན་པ་གཙང་བོ་ལས་རིང་བ་འདྲ

ང་ལ་མུན་པ་དང་གཡང་གཟར་བཟོ་མཁན་གྱི་མི
ནམ་གུང་དུ་དངངས་ཀྱིས་སད་ཐེངས་རེར
ངས་ལྕགས་སྒྲོག་ཞིག་དྲན་འོངས
གྲི་ཆུང་ཞིག་མཐོང་འོངས
སྐ་ཆུ་བརྒལ་བའི་མི་ཕོ་ཞིག་དྲན་འོངས

པཱ་ལགས
ཁྱེད་རང་བོད་ཁམས་ལྟ་བུའི
འཇིག་རྟེན་གྱི་ལྟེ་བ་གང་དུ་བཞུགས་སམ

དུས་ཚིགས་འགྱུར་ཞིང་ལྷགས་པ་ལྡང་ནའང
ཁྱེད་ཀྱི་ཞལ་རས་དང་ལྕགས་སྒྲོག་དྲན་ཕྱིར
ང་རང་རྨི་ལམ་གྱི་གྲང་དམྱལ་འགྲིམ་པའི་མི་དེ་ཡིན་རོགས
༡༥/༦/༢༥/ ཨ དོན་ཉི།

2025-06-17 གསལ་ལེ་རྒྱལ།
སྙན་ངག་འདིས་གནམ་ས་གཡོ་བར་བྱས་སོང་། 
2025-06-16 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།