Back To Top

སྦྱིན། ཞར་བཀོད་སྙན་ངག བློ་ཉེ་བའི་མི།

ཨ་དོན་ཉིས།

བཀླགས་གྲངས། 115

ཤིན་ཏུ་མཐོ་བའི་ལྕགས་སྐུད་ཀྱི་སྟེང་དུ 

རླུང་དང་མིག་ཆུ་བྱ་ལ་སྦྱིན
བྲག་ཅ་སྟོང་བའི་ནང་དུ་ཁྱེད་ཀྱི་རྒྱང་རིང་བྲིས
ངས་གངས་རི་མཇལ་བྱུང

བསུང་ངད་ལྡང་བའི་གློག་སྐུད་སྟེང་གི་རྣམ་ཤེས
གདུང་ཞིང་ཡི་གར་འོང་བའི་ཁྱེད་ཉིད
རྨས་ཕོག་པའི་གླུ་སྐད་ཀྱི་ནང་དུ་བཞུར་འོངས

ཁང་བརྩེགས་ཀྱི་སྤྲིན་གསེབ་ཏུ་གདུང་བའི་གཅན་གཟན
ཁེར་རྐྱང་དང་ཛ་དྲག་གི་དུས་སུ
རྒྱང་རིང་ལ་འཁྲེང་བའི་དྲན་པ་ཧ་ཅང་ལྕི

ངས་གསོལ་བ་འདེབས་བཞིན་མེ་ཕུང་ལ་རེག
ཆུ་དང་སྤྲིན་པ་བསེད
…. ….
ནམ་མཁའ་དེའི་སྐྱེད་མོས་ཚལ་དུ
དབྱངས་ཅན་མའི་ཟླ་མཚན་འཐུང་ཞོར
ཁྱེད་ཀྱི་རྩིད་པའི་ནང་གི་མེ་ཏོག་བཅགས

ཆར་ཞོད་ཐང་སོང
ཞབས་དག་ལུས་སོང
ང་འཁྱག་པ་རེད་དམ

གཅེས་སུ་འོས་པའི་མི
ཅིག་བྱས་ན
ང་སངས་རྒྱས་འདུག ར་བཟི་འདུག

བློ་ཉེ་བའི་མི།

བློ་ཉེ་བའི་མི
ད་ནངས་ཁྱེད་ཀྱི་ཆུང་མས་སྐད་ཅིག་བཞག་འདུག
“ངེད་མ་བུ་གསུམ་པོས་བློ་བཟང་ཧ་ཅང་དྲན་གི”
ང་ཡིག་འབྲུ་དེ་ལ་ཅེར་ནས་ཡུན་རིང་ལུས་སོང

བོད་སྐད་དང་བོད་ཡིག་མི་ཐར་བའི་ལྕགས་དྲའི་ནང་དུ
ཁྱེད་ཀྱིས་རང་གི་བླ་སྲོག་བཙོང་གི་མེད་པ་ངས་ཡིད་ཆེས་བྱེད

བློ་ཉེ་བའི་མི
ཁྱེད་ཀྱིས་ངེས་ངེས་མྱི་བཅའ་བསམ་ན
བཙོན་ཁང་དུའང་སློབ་སྦྱོང་བྱེད་ཆོག་པ་ཡིད་ལ་ཟུངས

ངེད་གཉིས་ཀྱི་འབྲེལ་བ་ཆད་པ་ནས་བཟུང
ཁྱེད་ཀྱིས་སྔོན་ཆད་བསྐུར་བའི་འདྲ་པར་དང་སྐད་ཆ་དག
སེམས་ཀྱིས་འཚོས་ཡོད རིན་ཐང་བཞག་ཡོད

བློ་ཉེ་བའི་མི
ཁྱེད་ཀྱི་ལས་དབང་བསམ་ན
ངའི་སྙན་ངག་དག
སྐྱོ་གདུང་གི་གཏེར་ཁ་ཞིག་ཏུ་འགྱུར་བཞིན་འདུག

གང་ལྟར
ལེ་བར་ཁྲི་འབུམ་གྱི་ཕ་རོལ་ནས
ངས་སྐད་གསང་མཐོན་པོས་བཤད་འདོད་པ་ནི
ཉི་འོད་མི་མཐོང་བའི་བཙོན་ཁང་ནས
ཁྱེད་ཀྱིས་རང་གི་རེ་བ་དང་རྨི་ལམ་འབོར་མི་ཆོག་ཅེས་པ་འདི་ཡིན

བློ་ཉེ་བའི་མི
ཁྱེད་རང་གནས་པའི་གྱང་འཁྱག་པ་དེའི་ཁར་བྱེའུ་རེ་གྲག་ཚེ
དེ་ནི་ངས་ཁྱེད་རང་དྲན་པའི་གླུ་སྐད་ཡིན་པར་སོམས

ད་མང་པོ་མི་ལབ
ང་ཡོད་པའི་ཨ་རིའི་མངའ་སྡེ་འདིར
སྟོན་རླུང་ཤག་ཤག་ལྡང་གི་འདུག
ལོ་མ་གང་སར་འཁུར་བཞིན་འདུག

༢༠༢༥/༡༠/༧ ཨ དོན་ཉི།

2025-10-12 རའདོ་གོར་མོ།
2025-10-09 གསལ་ལེ་རྒྱལ།
2025-10-09 ཤེད་བུ།
2025-10-09 གློག་ཞགས

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།