---བོད་རང་བཙན་གྱི་ཆེད་དུ་སྐུ་སྲོག་མེ་ལ་བསྒྲོན་པའི་བློ་དགའ་རང་བཙན་མཆོག་རྗེས་སུ་དྲན་པའི་བརྗེད་བྱང་དུ་བསྔོས་པ།
ཨ་དོན་ཉི།
བཀླགས་གྲངས། 319
དེ་རིང་ཡང་ཁྱེད་ཀྱིས་ངོ་དེབ་སྟེང་སྤེལ་བའི་བརྙན་ཐུང་ལ་བལྟས་པ་ཡིན།
ཉིས་སྟོང་ཉེར་དྲུག་ལོའི་དབྱར་ཟླ་བདུན་པའི་ཚེས་གཉིས་ཀྱི་ཕྱི་དྲོ་དེར།
ཁྱེད་རང་ཆུ་ཚོད་སྐར་ཆ་ཁ་ཤས་ཀྱི་རྗེས་ནས་ཤི་དགོས་པ་རེད། རང་གིས་རང་ཉིད་གསོན་བསྲེགས་བྱེད་དགོས་པ་རེད། དེ་ལྟར་ལགས་ཀྱང་། ཉིད་ཀྱིས་ཆེས་མཐའ་མའི་ཞལ་ཆེམས་གནང་སྟངས་དེ་ནི་ཅི་འདྲའི་ཞི་ཞིང་དུལ་བ། ཤ་ཤུགས་དལ་བ། དོན་ལ་གནས་པ། ཡིད་སེམས་འཕྲོག་པ་ཞིག་རེད་ཨང་། ཤི་ཁའི་གཏམ་བཤད་དམར་ལྡང་མ་གནང་དུས་ཀྱི་རྣམ་པ་དེ་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་རེད། བཀའ་མོལ་གནང་བའི་བར་སྟོང་རེ་ནས་ཁྱེད་ཀྱིས་རང་གི་གདོང་ནས་ཟགས་པའི་རྔུལ་ཆུ་ལག་པས་བཞབས་ཀྱིན་འདུག དེ་ནི་རྔུལ་ཆུ་ཁོ་ན་ཡིན་མི་སྲིད། པཎ་ཆེན་རིན་པོ་ཆེའི་ཞལ་ངོ་དང་འདྲ་བའི་ཁྱེད་ཀྱི་གདོང་ནས་བཞུར་འོངས་པ་དེ་རྔུལ་ཆུ་ཁོ་ན་ཙམ་ཡིན་མི་སྲིད། ངས་བྱས་ན། དེ་ནི་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར། ཁྱེད་ཀྱི་ལུས་ཧྲིལ་པོར་རྡོ་སྣུམ་བླུགས་ནས་རློན་པར་བཏང་བའི་སྣུམ་ཁུ་ཟགས་པ་ཡིན་ངེས། ནེའུ་ཡོག་གྲོང་ཁྱེར་གྱི་ཁྱམས་འོག་ཞིག་ནས་ཁྱེད་ཀྱིས་རླབས་ཆེ་བའི་ཞལ་ཆེམས་མཐའ་མ་དེ་གནང་ཞོར་ངོ་གདོང་གི་རྔུལ་ཆུའམ་རྡོ་སྣུམ་ལག་པས་བཞབས་པའི་སྣང་བརྙན་མཐོང་བའི་ཚེ། ཤ་ཆད་ཡོང་། སྙིང་ཉེ་འོངས། བློ་དགའ་རང་བཙན། ཁྱེད་ཀྱིས་རང་གི་གཅེས་སྲོག་མ་བཏང་སྔོན་ལ། རང་ཉིད་མེ་ལ་བསྒྲོན་པའི་ས་ཆ་དེ་གང་ཡིན་ན་ལེགས་སྙམ་ནས་བསམ་བློ་མང་པོ་བཏང་ཡོད་རྒྱུ་རེད། རྒྱུ་སྐར་ས་ལ་ལྷུང་འདྲའི་ནེའུ་ཡོག་གྲོང་ཁྱེར་གྱི་ལས་ཁུངས་རེ་རེ་དང་། ཁང་བརྩེགས་རེ་རེར་བལྟས་ནས་རང་ཉིད་གསོན་བསྲེགས་གནང་ས་ལ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཡོད་ངེས། མཐའ་མའི་གཏན་འཁེལ་ས་ཆ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ཡིན་པ་ང་ཚོའི་མིག་མདུན་ལ་གསལ་ལྷང་ངེར་བཤམས་སོང་། སྐུ་ཉིད་ཀྱིས་རང་ཉིད་གསོན་བསྲེགས་བྱེད་ས་དེ་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་གྱི་མདུན་ཐང་འདེམས་དོན། བོད་དོན་ཞེས་པའི་སྙིང་ཉེ་འདི་ལ་འཛམ་གླིང་རྒྱལ་སྤྱིའི་མི་མང་གིས་དོ་སྣང་དང་རྒྱབ་སྐྱོར་རེ་རག་པའི་ཆེད་དུ་ཡིན་ཤག་ཤག་རེད། དེ་ལས་ཀྱང་སྐུ་ཉིད་མེ་ལ་བསྟིམས་དོན། བཙན་བྱོལ་ནང་གི་ཆོལ་ཁ་ལུང་ཚན། ཆོས་རྒྱུད་འཐེན་འཁྱེར། སྤེན་སེང་རྩོད་རེས། དབུ་རང་གཉིས་ཀྱི་ནང་འཛིང་སོགས་ཀྱི་གཏུབ་གྲི་རྣོན་པོ་དེས་དུམ་བུར་བཏང་དང་གཏོང་བཞིན་པའི་སྤྱི་ཚོགས་ནད་པ་འདི་གཉིད་ལས་སད་ཅིང་ནད་ལས་ཐར་ཆེད་ཡིན། དབུ་ནག་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་རང་བཙན་གྱི་ལས་འགུལ་གསར་པའི་མཐོ་རླབས་དྲག་པོ་ཞིག་འཕྱུར་ཨེ་ཐུབ་སྙམ་ནས་ཁྱེད་ཀྱིས་རང་ཉིད་དམར་མཆོད་བཏང་བ་རེད། བློ་དགའ་རང་བཙན་ལགས། ཨ་རིའི་རང་དབང་ལོངས་སུ་སྤྱོད་ཕྱིར། འཛམ་གླིང་གི་ཡུལ་གྲུ་མང་པོའི་མི་མང་པོ་ཞིག་ཤི་བོ་ཆོས་ལ་འཁྲེང་འཁྲེང་བྱས་ནས་ཨ་རིར་ཡོང་རྒྱུར་འཚང་ཁ་རྒྱག་གི་ཡོད། གོ་སྐབས་འཚོལ་བཞིན་ཡོད། འོ་ན། ཁྱེད་རང་ཨ་རིའི་རང་དབང་ཆ་ཚང་ལོངས་སུ་སྤྱད་ནས་བཞུགས་མི་འདོད་པར་འདི་ལྟར་བཞུད་དགོས་པ་སུའི་ཆེད་དུ་ཡིན་ནམ། དེ་ནི་རང་གི་ན་བ་ཚ་གསུམ་ལས་བོད་ཀྱི་ན་བ་ཚ་གསུམ་གལ་ཆེན་དུ་མཐོང་ནས་སོ་སོའི་མི་ལུས་རིན་པོ་ཆེ་སྦྱིན་བསྲེགས་བཏང་བ་མ་ཡིན་ནམ། མདོར་ལ་དྲིལ་ན། ཕངས་སེམས་སྤུ་ཙམ་མེད་པར་ཚེ་བླ་སྲོག་གསུམ་གྱི་འགྲོ་སོང་བཏང་སོང་བའི་ཁྱེད་དང་ཁྱེད་ཅག་གི་གཟི་བརྗིད་དང་ཕུག་བསམ་ནི་ང་ཚོས་ཚིག་སྐམ་འགའ་བསྒྲིགས་ནས་མཚོན་ཐུབ་པ་ཞིག་ལར་ནས་མིན་སོང་། ལྟ་གྲུབ་ཉི་ཚེ་བ་ཞིག་བཤད་ཁུལ་གྱིས་ཡོང་རྒྱུ་ཞིག་ཀྱངརྩ་ནས་མིན་སོང་། བཀའ་དྲིན་ཆེ།
རླབས་ཆེ་བའི་མེ་རྒོད་པོ།
དེ་རིང་ཡང་ཁྱེད་དྲག་ཏུ་འབར་བའི་མེ་ཕུང་ལ་བལྟས།
ཉིས་སྟོང་ཉེར་དྲུག་ལོའི་དབྱར་ཟླ་བདུན་པའི་ཚེས་གཉིས་ཀྱི་ཕྱི་དྲོ་དེར།
ཁྱེད་རང་གསོན་བསྲེགས་བྱེད་པའི་ཡུལ་དངོས་ལ་མ་སླེབས་གོང་དུ།
གནམ་ས་བླ་འོག་བསྒྱུར་བའི་འགྲུལ་བཞུད་དེའི་འགོ་མ་བརྩམས་སྔོན་ལ།
ལྗིད་ཏིག་ཏིག་གི་གོམ་ཁ་ཤི་གསོན་བྱེ་མའི་ལ་ཁར་བསྒྱུར་བཞིན་པའི་ལམ་བར་ཞིག་ནས།
ཉིད་ཀྱིས་ཕ་མས་གནང་བའི་མགོ་བོ་མཐོན་པོ་དེ་གསེག་ཙམ་གནང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁང་བརྩེགས་ལ་ཐེངས་གཅིག་གཟིགས་སོང་བའི་སྣང་བ་ཞིག་སྐྱེས་སོང་།
དེ་ལྟར་ཡིན་ནམ་ལགས།
ཆེས་མཐའ་མར་གནང་བའི་ཕྱིར་མིག་དེ་སུ་ལ་གནང་བ་ཡིན་ལགས།
ཁྱེད་རང་ཕེབས་ཤུལ་དུ། ངས་འདི་ལྟར་ཆོ་མེད་པའི་དྲི་བ་ཞིག་རླུང་ལ་བསྐུར།
ཁྱེད་ཀྱིས་རྒྱལ་དར་ཕྲག་ལ་ཁུར་ནས་རང་ཉིད་གསོན་བསྲེགས་གནང་སའི་ཡུལ་་དངོས་ལ་དལ་གྱིས་བསྐྱོད་པའི་ལམ་ཐག་དེ་ནི་ལེ་བར་ཁྲི་ཕྲག་གི་ཕ་རོལ་ཞིག་ཡིན་ན་ཅི་མ་རུང་སྙམ།
ཁྱེད་རང་གནས་དེ་ལ་གཏན་ནས་སླེབས་མེད་ན་ཅི་མ་རུང་སྙམ།
ངས་ཡང་ཡང་ལྟ་མ་ཕོད།
ཨ་རིའི་ལྷོ་བྱང་ཕྱོགས་ཀྱི་ས་སྲོད་ཅིག་ལ།
ཉི་མ་དམར་ཐག་ཆོད་པའི་ཕྱི་དྲོ་ཞིག་ལ།
བློ་བརྟན་འགྱུར་མེད་ཀྱི་ཁྱེད་རང་།
གསོན་པའི་ཆེད་དུ་འཆི་བ་བདམས་ནས།
བོད་ཀྱི་དོན་དུ་རང་ཉིད་བསྒྲོན་ནས།
བདག་གཞན་མཉམ་རྗེས་ཀྱི་མཛད་པ་བསྐྱངས་ནས།
རང་ལས་གཞན་གཅེས་ཀྱི་དགོངས་པ་བཞེས་ནས།
ཐེ་ཚོམས་མེད་པར་ཕེབས་སོང་།
དམར་མདོང་མདོང་། ཚ་ལམ་ལམ།
རང་དབང་གི་ཆེད་དུ་རང་དབང་སྤངས་ནས་ཕེབས་སོང་།
ང་ཚང་མའི་དོན་ལ། ཕྱིར་ཡོང་མེད་པའི་འཇིག་རྟེན་ཞིག་ཏུ་ཕེབས་གནང་སོང་།
ངས་དྲག་ཏུ་འབར་བའི་མེ་དཔུང་ལས་ཁྱེད་རང་མཐོང་ཐེངས་རེར།
མི་ཡི་མིག་ཀོང་མཆུ་མས་བརླན་པ་ཚོར་ལ།
ང་ཡི་མགྲིན་པ་གླུ་ཡིས་གདུང་བ་ཤེས་སོང་།
ལམ་གྱི་སྐར་མ་འདར་ཙམ་འདར་ཙམ་བྱས་ཤིང་།
གངས་རི་གཉན་པོ་གཡོ་ཙམ་གཡོ་ཙམ་གནང་འོངས།
ཉིས་སྟོང་ཉེར་དྲུག་ལོའི་དབྱར་ཟླ་བདུན་པའི་ཚེས་གཉིས་ཀྱི་ཕྱི་དྲོ་དེར།
སྐུ་ཉིད། མེ་ཡི་རླབས་སྒྲའི་ཁྲོད་དུ་ཕྱག་ཟུང་ཡངས་པོར་བརྐྱངས་ནས་བརྟན་པོར་བཞུགས་གནང་སོང་།
སྐུ་གཟུགས་ཀྲོང་ངེར་འགྲེངས་ནས་གདུང་ལ་བསྡད་གནང་སོང་།
དེ་ནས། དེ་ནས།
ཤ་དང་ཁྲག་གིས་མ་རྟེན་པར།
རྐང་དང་རུས་པས་མ་བཟོད་པར།
གངས་རི་ལྟ་བུའི་ཁྱེད་ག་ལེར་ཐང་ལ་བསྡད་སོང་།
པུས་མོ་ས་ལ་བཙུགས་བྱུང་།
བརྐྱངས་ཕྱག་འཚལ་བ་ལྟ་བུའི་བཟོ་ལྟ་ཞིག་དོད་ནས་འགྱེལ་སོང་།
གསོལ་བ་བཏབ་པ་འདྲ་བའི་ཕྱག་རྒྱ་ཞིག་བསྣོལ་བཞིན་ལོག་སོང་།
གནམ་ལ་འཕྱར་བའི་རྒྱལ་དར་གྱི་འཁྲིས་ནས་འགུལ་མེད་དུ་གྱུར་སོང་།
ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ནས་ཐལ་རོར་གྱུར་སོང་།
སྐུ་ཉིད་གཟི་བརྗིད་ཀྱིས་འགྲེངས་ཤིང་གཟི་བརྗིད་ཀྱིས་འགྱེལ་སོང་།
ཕྱི་དྲོ་དེར།
རང་བཙན་གྱི་ཟུངས་ཁྲག་ལྡེམ་མེར་འཕྱོ་བའི་བྲང་གཞུང་དེ་འགྱེལ་སོང་།
བདེན་དོན་གྱི་འབོད་སྒྲ་གསང་མཐོར་སྒྲོག་པའི་མྱི་སྐད་ཅིག་མེད་སོང་།
ལས་འགུལ་གྱི་རྦ་རླབས་དགུང་དུ་འཕྱུར་བའི་ཆུ་བོ་ཞིག་ཐག་སོང་།
ཉིས་སྟོང་ཉེར་དྲུག་ལོའི་དབྱར་ཟླ་བདུན་པའི་ཚེས་གཉིས་ཀྱི་ཕྱི་དྲོ་དེར།
ཁྱེད་རང་གཏན་དུ་བཞུད་སོང་།
བོད་དོན་གསོན་པོར་ལྷག་སོང་།
དཔའ་རྒོད་ཁྱེད་ཀྱིས་འཆི་བ་ནི་ཅི་ཡང་མིན་པ་ལྟར།
རང་ཉིད་གསོན་བསྲེགས་བྱས་ནས་ངེད་ཅག་ལ་རྟོགས་སད་ཀྱི་བླ་འབོད་ཐེངས་གཅིག་གནང་སོང་།
ས་ཕུང་ཙམ་ལས་བེད་སྤྱོད་མེད་པར་རྩི་བཞིན་པའི་བོད་རང་བཙན་གྱི་གཏེར་ཁ་ཞིག་བསྔོགས་ནས་བུད་སོང་།
ལོ་བརྒྱ་ཐུབ་པའི་མྱི་དཀོན་རུང་། བསྐལ་པ་ཐུབ་པའི་ཚིག་ཡོད་ཟེར་བ་ལྟར།
ནེའུ་ཡོག་གྲོང་ཁྱེར་ནས་བཞག་པའི་ཁྱེད་ཀྱི་ཞལ་ཆེམས།
མཉམ་འབྲེལ་རྒྱལ་ཚོགས་མདུན་བཏང་བའི་ཁྱེད་ཀྱི་གསོན་བསྲེགས།
གནམ་སའི་མཚམས་ལ་བསྒྲེངས་པའི་བོད་ཀྱི་རྒྱལ་དར།
ཁྱེད་ཀྱི་བློས་གཏོང་དང་བྱས་པ་འདི་དག་བསྐལ་པ་མ་སྟོང་བར་དུ།
བོད་པ་མ་ཚར་བར་དུ་གནས་ངེས།
མི་རབས་ནས་མི་རབས་ལ་གནས་ངེས།
ལོ་རྒྱུས་ཀྱི་མེ་ལོང་ནང་གསལ་ངེས།
ཁྱེེད་རང་ཤི་ཁ།
ང་ལ་མིག་ཆུ་དང་མྱ་ངན་མི་དགོས།
སྐྱོ་གདུང་དང་ངུ་ངག་མི་དགོས།
ང་ལ་དགོས་པ་ནི་ཁྱེད་ཚོའི་ཆིག་སྒྲིལ་ཡིན།
བོད་ཀྱི་རང་བཙན་ཡིན།
ཐུགས་རྗེ་གཟིགས།
ངས་ལག་གཉིས་ཐལ་མོ་སྦྱར་ནས་དེའི་ཆེད་དུ་ལས་འགུལ་སྤེལ་རོགས་གནང་ཞུས་པ་ཡིན་ཟེར།
ཁྱེེད་ཀྱིས་འཐེན་པའི་ཞུ་བ་རིང་པོ་དེ་ཐོས་རྗེས།
མི་ཚོགས་ཀྱི་སྐད་གདངས་ཇེ་སྙན་ལ་ཕྱིན་སོང་བའི་སྣང་བ་སྟེར་བྱུང་།
ལས་འགུལ་གྱི་བྲག་ཅ་ས་འོག་ནས་བརྡོལ་སོང་བའི་རླབས་རྒྱུན་ཞིག་ཀྱང་མཐོང་།
བློ་དགའ་ང་བཙན་ལགས།
ཁྱེད་རང་འབར་སོང་བའི་ཕྱི་དྲོ་དེར།
སྐར་ཆ་འགའི་རིང་ལ་ང་ཁྱེད་དང་ལྷན་དུ་ཤི
ཁྱེད་ཀྱི་རྒྱབ་གཟུགས་ལ་ལྟ་བཞིན་སོང་།
ཁྱེད་ཀྱི་སྙིང་སྟོབས་ལ་འཐམས་ནས་བསྡད།
ཚ་བའི་འོབས་སུ་ལྷུང་ཡང་དཔའ་མི་ཞུམ་པའི་ཁྱེད་རང་།
བློ་ཐག་རྦད་ཆོད་ཀྱིས་ཕེབས་ཀྱིན་འདུག
སྔོན་ཆད་འགྲོ་མ་མྱོང་བའི།
ཚང་མ་འགྲོ་མི་འདོད་པའི་རྒྱུས་མེད་ཀྱི་ཡུལ་ལྗོངས་ཤིག་ལ་ཕེབས་ཀྱིན་འདུག
ང་མུ་མཐུད་དུ་འགྲོ་མ་ཕོད་པར་ཕྱིར་བྲོས་འོངས།
སྐྱབས་ཇུག་དང་བསྔོ་སྨོན་ཙམ་ཞུས་ནས་ཁྱེད་རང་གཅིག་པུར་བཏང་བ་ཡིན།
ངས་དེ་ལྟར་རླུང་གི་བྲག་ཅ་བརྒྱུད་ནས་ཁྱེད་ལ་ལམ་པ་བྱས།
ཁྱེད་ཀྱི་ཕེབས་སྟངས་ལ་བལྟས་ཀྱིན་བལྟས་ཀྱིན།
ངས་སྙན་ངག་མཁན་ར་སྦོལ་ཐི། ཕི་ར་ཟིས་བརྩམས་པའི་སྙན་ངག་ཚན་པ་ཞིག་དྲན་བྱུང་སྟེ།
"ང་དེ་གར་འགྲེངས་ཏེ་མིག་གིས་བརྩེབས་མཚམས་བར་དུ་ཐག་རིང་ལ་བལྟས།
ནགས་ཚལ་སྟུག་པོའི་ཁྲོད་དུ་ལམ་གཉིས་ཁ་ཁ་སོ་སོར་བརྐྱངས་འདུག
མི་ཚང་མ་འཚང་ཁ་ཤིག་ཤིག་ལམ་གཅིག་གི་ནང་དུ་འགྲོ་བཞིན་འདུག
ངས་བསམ་བློ་ཞིབ་མོར་བཏང་མཐར།
འགྲོ་མཁན་མེད་པའི་ལམ་དེ་བདམས་པ་ཡིན།
ཟིལ་བ་ཆགས་པའི་ལམ་དེ་བདམས་པས།
ང་ནི་དན་དན་གཞན་དང་མི་འདྲ་བ་ཞིག་བྱུང་སོང་།"
བློ་དགའ་རང་བཙན།
རྒྱལ་དར་ཕྲག་ལ་ཁུར་བའི་གངས་སེང་ཁེར་རྐྱང་།
རང་ལུས་མེ་ལ་སྦྱིན་པའི་དཔའ་བོ་ཁེར་རྒྱུགས།
ཁྱེད་ཀྱིས་ང་ཚོ་དང་གཏན་ནས་མི་འདྲ་བའི་ལས་འགུལ་ཞིག་སྤེལ་བར་བཀའ་དྲིན་ཇི་ལྟར་ཞུ་དགོས་པ་ཤེས་མ་སོང་མོད།
ལག་པ་བྲང་ལ་བཞག་ནས་བསམ་བློ་ཞིག་བཏང་དུས།
སྐུ་ཉིད་བོད་ལ་དུང་བའི་དབང་གིས་བོད་ཀྱིས་ཁྱེད་རང་ཐག་རིང་ཐག་རིང་ཞིག་ལ་ཁྲིད་སོང་བ་དེ་རེད་འདུག
ཉིས་སྟོང་ཉེར་དྲུག་ལོའི་དབྱར་ཟླ་བདུན་པའི་ཚེས་གཉིས་ཀྱི་ཕྱི་དྲོ་དེར།
སྐུ་ཉིད་བོད་རྒྱལ་ཁབ་ཀྱི་ཆེད་དུ།
དཔའ་བོའི་ཡང་རྩེ་རུ་བྱོན་སོང་།
ཞི་བའི་རང་བཙན་ལ་དབང་སོང་།
སྦྱིན་པའི་ཕ་མཐའ་རུ་སོན་སོང་།
རླབས་ཆེ་བའི་མེ་རྒོད་པོ།
བྱང་ཆུབ་ཀྱི་སེམས་དཔའ་ཆེན་པོ་ཁྱེད།
དེ་ལྟ་དེ་ལྟར།
བོད་རང་བཙན་གྱི་ཆེད་དུ་འཚང་རྒྱ་སོང་།
དཀའ་བ་བརྒྱ་ཕྲག་སྤྱད་ནས་འཚང་རྒྱ་སོང་།
བློ་དགའ་རང་བཙན་ལགས།
དེ་རིང་ནེའུ་ཡོག་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཁྱེད་ཀྱི་སྤུར་སྒམ་གདན་འདྲེན་ཞུ་བཞིན་འདུག
བོད་རང་བཙན་གྱི་འབོད་སྒྲ་སྒྲོག་བཞིན།
བོད་གངས་ཅན་པའི་རྒྱལ་དར་བསྒྲེངས་བཞིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲང་ལམ་བརྒྱུད་ནས་རྒྱ་ནག་དམར་པོའི་གཞུང་ཚབ་ཁང་བར་དུ་ཞི་བའི་གོམ་བགྲོད་གནང་གི་འདུག
ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་བཙན་པོའི་བང་སོ་ཉུལ་བའི་བློ་དགའ་རང་བཙན།
བླ་མའི་བྱིན་རླབས་ཀྱི་མཐུ་སྟོབས་དང་། བོད་ཀྱི་བདེན་དོན་གྱི་རང་སྒྲ་ཡིས།
ཁྱེད་དང་ཁྱེད་ཀྱི་སྐྱེ་བ་གཞུག་མ་ལེན་ས་དེ་བོད་རང་བཙན་གྱི་རྒྱལ་ཁམས་ཡིན་པར་སྨོན།
༢༠༢༦/༧།༡༦ ཨ དོན་ཉིས་གུས་པ་ཆེན་པོས་སྦྱར།