ཕ་ཡུལ།
ཁུ་བྱུག་བུ་མོས་དྲུག་འགྱུར་གླུ་ཞིག་བླངས།།
ལྗོན་ཤིང་སྣུམ་པོས་ལོ་འདབ་ཕྱོགས་སུ་བརྐྱངས།།
གཙང་ཆབ་སྔོན་མོས་གོམ་སྟབས་རྒྱང་ལ་བསྲིངས།།
སྣ་ཚོགས་རི་སྐྱེས་དགའ་བའི་གར་ལ་རོལ།།
ཁྲ་ཚོམ་མེ་ཏོག་འདབ་མ་གུར་དུ་ཕུབ།།
རོ་བརྒྱའི་དྲི་ཡིས་ཁོར་ཡུག་དམ་དུ་འཁྱུད།།
རྐང་དྲུག་མགྲོན་པོས་གྲེ་བ་ལྷོད་བཞིན་དུ།།
གང་དགར་རོལ་བའི་རྩེད་འཇོ་གར་དུ་རྩེན།།
ཕྱེ་ལེབ་སྒེག་མོ་འཕུར་བའི་གར་སྟབས་ཀྱིས།།
ས་ཞིང་གྲུ་བཞི་འཇམ་པོའི་མལ་ལས་དཀྲོགས།།
གསེར་མདོག་འབྲས་བུའི་ཁུར་གྱིས་ལྕི་བ་ཡི།།
ལོ་ཡག་སྙེ་མས་མགོ་བོ་བཏེགས་ཏེ་ལྟ།།
ལྷུང་ལྷུང་མགྲིན་དབྱངས་དཀྲོལ་བའི་དལ་འགྲོ་མས།།
ལྦུ་དཀར་ཟེགས་མའི་མེ་ཏོག་འགྲེམ་བཞིན་དུ།།
མཛེས་ལྗོངས་ར་བའི་ཁོར་ཡུག་ཡངས་པོ་ན།།
སྒེག་པའི་སྟངས་སྟབས་སྒྱུར་བ་སྙིང་དུ་སྡུག།
ཚང་ཚིང་གཡུ་ལོ་འཁྲིགས་པའི་དོ་ར་རུ།།
གསར་སྐྱེས་ལྗོན་པའི་མགོ་ལྕོག་དལ་གྱིས་ལྡེམ།།
སྔོ་ལྗང་ཡལ་གའི་འདབ་མ་གཡོ་བའི་རྩེར།།
དུད་པའི་སྣ་ཚོགས་འབྲས་བུ་གཡུར་དུ་ཟ།།
རིན་ཆེན་ཉི་ཟླའི་རྣ་ཆ་སྤྲོས་པ་ཡི།།
རབ་དཀར་ཆུ་འཛིན་མཛེས་པའི་ཐོར་ཅོག་ཅན།།
ལྷུན་པོའི་བང་རིམ་ཚར་དུ་དངར་བ་ཀུན།།
ནོར་འཛིན་བུ་མོ་དགྱེས་པའི་རྟེན་དུ་བརྗིད།།
འགག་མེད་གཡས་འཁྱིལ་མགྲིན་པའི་ལམ་བུ་ན།།
སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས་རྫོགས་པ་ཡི།།
འཇོལ་མོ་ལ་སོགས་འདབ་ཆགས་བྱ་ཡི་རིགས།།
ལྷུན་སྟུག་རི་བོའི་གསེབ་ན་ལྷོད་ཀྱིས་འཕུར།།
ལུས་འདེགས་གཤོགས་ཟུང་ཤུགས་ཀྱིས་བསྐྱོད་པ་ཡི།།
ངང་དཀར་མགྲིན་པའི་རྫ་རྔ་འཁྲོལ་བ་འདིས།།
ཁོར་ཡུག་ཡོངས་ལ་ཤིས་པའི་དགེ་མཚན་འབུམ།།
བསྐྲུན་པའི་ངོ་མཚར་སྤྲོ་བ་བརྗོད་ལས་འདས།།
སྣ་ཚོགས་རྩི་ཤིང་འབུས་པའི་གུར་ཁྱིམ་དུ།།
འཇམ་པའི་བསིལ་རླུང་ལྷོད་ཀྱིས་ལྡང་བ་ཡིས།།
ངད་བརྒྱའི་བསུང་ཞིམ་འཐུལ་བ་སྨན་གྱི་དྲི།།
སྡེབ་ལེགས་གནམ་ས་བསྣོལ་བའི་མཐའ་ལ་འཁྱེར།།
རི་ལུང་རྣམ་པ་མཛེས་པའི་ཁང་ཁྱིམ་ན།།
འཇིགས་མེད་བག་ཡངས་ངང་དུ་རྒྱུ་བ་ཡི།།
རང་དབང་འཚོ་བ་རོལ་བའི་རི་སྐྱེས་ཚོགས།།
ཡིད་འོང་སྐྱེད་མོའི་ཚལ་ན་ཅི་དགར་རྩེན།།
སྙན་འཇེབས་འབའ་སྒྲས་རི་ལུང་འགེང་བ་ཡི།།
བལ་དཀར་ཁ་ཆུ་བརྩེགས་པའི་གཡང་དཀར་ལུག།
སྤྲིན་དཀར་སིལ་མའི་འདུ་འགོད་འཁྲིགས་པ་བཞིན།།
རང་བྱུང་སྤང་ལྗོངས་སྔོན་མོའི་གདན་ལ་འཁྱུད།།
སྤུ་གྲིའི་རྭ་རྩེ་འབར་བའི་ཞོལ་ཆེན་གཡག།
ཞིམ་མངར་འོ་མའི་བཅུད་རྫོགས་ཐུལ་དཀར་འབྲི།།
རྩྭ་ཆུའི་བཅུད་ལ་རོལ་བའི་ནོར་ནག་ཁྱུ།།
མུ་འབྲེལ་རྫ་རིའི་ཟུར་ན་དལ་གྱིས་རྒྱུ།།
སྐད་ཅིག་གླིང་བཞི་འགྲོས་ཀྱིས་གཅོད་ནུས་པའི།།
རྨིག་སྒྲས་ས་ཆེན་གཡོ་བའི་ཅང་ཤེས་རྟ།།
ལྷང་ལྷང་མཚེར་སྐད་སྒྲོག་པའི་དབྱངས་དང་བཅས།།
བདེ་ཐང་ཡངས་པོའི་ངོས་ན་བང་གིས་འཕྱོ།།
ནེའུ་གསིང་གཡུ་ཡི་མེ་ལོང་དྭངས་མའི་ངོར།།
མཐིང་ནག་སྦྲ་ཡི་ཚོམ་བུ་འབུར་དུ་བཀོད།།
སྒོ་ཡི་དར་ཚོན་འཇའ་གུར་བརྩེགས་པའི་མདངས།།
སྐྱིད་པའི་ཡུལ་ལྗོངས་མཛེས་པའི་རྒྱན་དུ་བཞད།།
སྟོབས་ཆེན་དོམ་ནག་ཁྲག་གིས་བཟི་བ་བཞིན།།
རྩལ་དྲུག་ལང་ཚོ་རྫོགས་པའི་སྟག་ཤར་ཚོས།།
རང་སྡེ་གྲུ་བཞི་བཀྲ་ཤིས་སྒོ་བརྒྱད་འདིའི།།
གྲགས་པའི་བ་དན་སྲིད་པའི་ཁམས་ལ་བསྒྲེངས།།
ཨ་འཇམ་ཚར་དཀར་འདབ་མ་ལྡེམ་པའི་འོག།
འཕྱོར་སྒེག་ཉམས་འགྱུར་སྙིང་དུ་སྡུག་པ་ཅན།།
གཤིས་བཟང་འཛུམ་དཀར་རྒོད་པའི་གཞོན་ནུ་མས།།
མར་དང་ཆུར་བའི་ལོངས་སྤྱོད་མཛོད་དུ་འདྲེན།།
གནམ་སྔོན་ཞུན་མའི་རང་མདངས་བཞུས་པའི་བཅུད།།
དབྱིགས་འཛིན་དགའ་མའི་འགུལ་དུ་ལྷུང་འདྲ་བ།།
ཁྲི་ཤོར་མཚོ་མོ་འཁྱིལ་བའི་ལྷོ་ཡི་ཆར།།
འབད་མེད་རང་བྱུང་འཚོ་བ་ལྷུན་གྱིས་གྲུབ།།
བདག་གི་ལྟེ་ཁྲག་དྭངས་གཙང་འོ་མའི་རྒྱུན།།
ཉམས་དགའི་ཡུལ་ལྗོངས་དེ་རུ་མཆེད་པ་ནས།།
བཅུ་ཟུང་བགྲང་བྱ་འཁོར་བའི་ཁུགས་སོ་རུ།།
རོལ་བའི་བདེ་སྐྱིད་བརྗོད་ཀྱིས་ག་ལ་ལང་།།
ད་ལྟ་ཡུལ་འཁྱམས་སྤྲང་བོའི་འཚོ་བ་འདི།།
མྱོང་བའི་ལས་དབང་ཐོག་ཏུ་སྨིན་པས་ན།།
ཧོད་གཞུང་བདེ་སྐྱིད་གཡང་གི་ར་བ་ཞེས།།
རང་ས་གྲུ་བཞི་ཡིད་ལ་ལྷང་ལྷང་དྲན།།