ལྷ་བྱ་དཀར་པོས།
བཀླགས་གྲངས། 863
བདེན་པའི་འབོད་སྒྲ།
སྲིད་ལས་བརྒལ་ཀྱང་སྲིད་པའི་ཚུལ་འཛིན་འགྲོ་བ་ཀུན་གྱི་མགོན་གཅིག་པུ།།
ྋརྒྱལ་མཆོག་པད་དཀར་འཆང་པས་ཆོས་སྲིད་ལུགས་གཉིས་གསེར་གྱི་རྔ་བོ་ཆེ།།
གངས་ཅན་ལྗོངས་སུ་བསུ་མ་མཛད་དེ་མ་ལུས་འགྲོ་ལ་རབ་བརྩེ་པས།།
འདི་ཕྱི་གཉིས་ཀྱི་ྋསྐྱབས་གནས་ཁྱེད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།
ནག་ཕྱོགས་ཀླ་ཀློའི་དཔུང་གིས་གངས་ལྗོངས་ཁྲག་གི་འཁོར་ལོ་བསྐོར་པའི་དུས།།
ས་ཡ་དྲུག་གི་བདེན་དོན་ཆེད་དུ་ཚེ་སྲོག་མེ་ལྕེར་སྒྲོན་ནས་ནི།།
འཛམ་གླིང་མི་ལ་བོད་དོན་སྤེལ་བའི་གདོང་དྲུག་འོ་མས་གསོས་པ་ཡིས།།
མེ་ལྕེའི་ཁྲོད་ནས་འབོད་སྒྲ་བསྒྲགས་པ་བོད་མིའི་སེམས་ནས་ག་ལ་བརྗེད།།
དར་དམར་འོག་ནས་འཚར་ལོངས་བྱུང་བའི་གངས་སེང་ངར་མའི་གངས་ཕྲུག་གིས།།
བསྟན་དགྲ་རྒྱ་མིས་བོད་ཐོག་འཛིན་པའི་མཁྲེགས་བཟུང་སྲིད་བྱུས་རྦ་རླབས་ལ།།
ཁ་གཏད་ལངས་ནས་ཚེ་སྲོག་དམར་པོ་ཕངས་མེད་མེ་ལ་ཕུལ་ནས་ནི།།
གངས་རིའི་ཡུལ་གྱི་གདུང་བ་བརྗོད་པའི་དཔའ་བོ་དཔའ་མོ་ག་ལ་བརྗེད།།
གངས་རིའི་ཁྲོད་ཀྱི་བུ་རབས་དག་གིས་བོད་འབངས་བདེ་སྡུག་ཕྲ་མོ་ལ།།
འཇིགས་ཞུམ་མེད་པར་གུང་ཁྲན་ཏང་ལ་ངོ་རྒོལ་བྱས་ཏེ་འཐབ་རྩོད་ནས།།
འཆི་ལ་ཁད་ཀྱིས་མི་རིགས་འདི་ཡིས་རླབས་ཆེན་རྩ་དོན་བྱ་གཞག་ལ།།
གཅེས་པའི་ལུས་སྲོག་ཕངས་མེད་མེ་ལ་སྒྲོན་མཁན་དཔའ་བོ་ག་ལ་བརྗེད།།
མནར་གཅོད་འོག་ནས་ཟུག་ངུ་འདོན་པའི་མི་རིགས་འདི་ཡིས་བདེན་དོན་སླད།།
ཚ་ཚ་འུར་འུར་ལས་འགུལ་སྤེལ་ནས་བོད་མིའི་བདེ་སྡུག་ཞུ་སྐབས་སུ།།
ལྕགས་གྲབ་གྱོན་པའི་རྒྱ་འདྲེ་ལྗང་གུས་སྤྱང་ཀིའི་ཤ་ལ་རྔམ་པ་བཞིན།།
མེ་ལྕེའི་ཁྲོད་ཀྱི་དཔའ་རྒོད་རྣམས་ལ་རྡུང་རྡེག་གཏོང་སྐབས་ཡ་རེ་ང༌།།
ང་དགུ་ལོ་ལ་བཙན་འཛུལ་རྒྱ་མིས་བོད་ལ་གཏོར་བཅོམ་བྱེད་པའི་སྐབས།།
དཔའ་བོའི་སྙིང་སྟོབས་ཨ་སྔོན་འགྲན་པའི་བོད་རིགས་སྤུན་ཟླའི་བློ་སྟོབས་ལ།།
མདེལ་ཆར་དྲག་པོ་མགོ་ལ་ཕོགས་ཀྱང་མི་རིགས་འཐབ་རྩོད་རྩོད་པ་གནང༌།།
དེང་སང་ལུས་སྲོག་མེ་ལ་སྒྲོན་ནས་རང་དབང་རྩོད་པ་ཡ་རེ་ང༌།།
ྋགོང་ས་རྣམ་འདྲེན་ཐམས་ཅད་མཁྱེན་པའི་རླབས་ཆེན་གཟི་དཔལ་འོད་མདངས་ཀྱིས།།
འཛམ་གླིང་གང་སར་བོད་དོན་གླེང་བ་ལྟ་སྡུག་མི་ངོམས་དུས་སྐབས་འདིར།།
རྩ་ཆེའི་ཚེ་སྲོག་མེ་ལ་སྒྲོན་ནས་བོད་དོན་རྩོད་པའི་དཔའ་རྒོད་ཚོ།།
ཁ་བའི་ལྗོངས་ཀྱི་སྡུག་བསྔལ་བསམ་ནས་ལུས་སྲོག་བཏང་བ་ཡ་རེ་ང༌།།
དར་དམར་འོག་ཏུ་དཀའ་སྡུག་མྱོང་བའི་གདོང་དམར་སྤུན་ཟླའི་ལ་རྒྱ་ཡིས།།
ཉིན་མཚན་ཀུན་དུ་ཡར་ལ་ལངས་ནས་ལོ་རྒྱུས་རྨ་ཁ་རབ་གསོ་བས།།
ས་ཡ་དྲུག་གི་བདེན་དོན་རླབས་ཆེན་འཛམ་གླིང་གང་སར་སྤེལ་གནང་བ།།
གངས་རིའི་མེ་ལྕེ་དཔའ་རྒོད་རྣམ་པའི་ལྷག་བསམ་དཀར་པོ་རླུང་ལྟར་ཁྱབ།།
གཞིས་ལུས་སྤུན་ཟླའི་འདུ་ཤེས་དྭངས་མ་མེ་ལྕེའི་ཁྲོད་ནས་འབར་བའི་དུས།།
རྒྱ་འདྲེ་དམར་པོ་ཁོང་ཁྲོ་ལངས་ནས་གང་སར་བོད་མི་བཟུང་བའི་སྐབས།།
ཆོལ་གསུམ་བོད་མི་ཡར་ལ་ལངས་ནས་བདེན་པའི་འབོད་སྒྲ་རབ་བསྒྲགས་པས།།
དྲང་བདེན་མོས་པའི་འཛམ་གླིང་མི་མང་ཡར་ལ་ལོངས་དང་ཨེ་མ་ཀྱེ།།
ས་ཡ་དྲུག་གི་བདེན་དོན་བསམ་ནས་ལུས་སྲོག་ཕངས་མེད་དོར་བའི་སྐབས།།
རང་གི་ཁེ་ཕན་རྒྱབ་ཏུ་བསྐྱུར་ནས་མི་རིགས་འདི་ཡི་ཕུགས་བསམ་ལ།།
དགོངས་པ་བཞེས་ནས་རྣམ་གཡེང་མེད་པར་བརྩོན་འགྲུས་ཀོ་གྲུར་ཆིབས་ནས་ནི།།
རང་དབང་སླར་གསོའི་ཉིན་མོ་བསུ་བར་ཡར་ལ་ལོངས་དང་བོད་མི་ཚོ།།
དཀའ་སྡུག་ཕྲེང་བའི་མུ་ཁྱུད་བྲིས་ནས་དར་དམར་འོག་ཏུ་འཚོ་དགོས་ཀྱང༌།།
ལྷག་བསམ་དཀར་པོ་གྱེན་དུ་འཕྱུར་ཏེ་མི་རིགས་འདི་ཡིས་རྩོད་ལེན་ཆེད།།
ཐེ་ཚོམ་སྤུ་ཙམ་མེད་པའི་ཐོག་ནས་བདེན་པའི་འབོད་སྒྲ་སྒྲོག་དུས་སུ།།
བོད་མིའི་སྐྱིད་སྡུག་མཉམ་དུ་མྱོང་ནས་ཡར་ལ་ལོངས་དང་བོད་མི་ཚོ།།
ཁ་བ་རི་བོའི་བདེན་དོན་བསམ་ནས་རང་ལུས་མེར་སྲེག་གཏོང་སྐབས་སུ།།
ཆོལ་ཁ་ཆོས་ལུགས་ཁ་ལ་ཁྱེར་ནས་འཐེན་འཁྱེར་མ་བྱེད་རྩམ་ཟན་ཚོ།།
མེ་ལྕེའི་ཁྲོད་དུ་ཚེ་སྲོག་ཤོར་བའི་དཔའ་བོ་དཔའ་མོའི་རྣམ་ཤེས་ཀྱིས།།
རེ་སྒུག་མདའ་མོ་ང་ཚོར་འཐེན་ནས་དམྱལ་བ་མི་ཡུལ་མྱོང་བཞིན་ཡོད།།
ནུབ་ཕྱོགས་བདེ་བ་ཅན་དུ་སྒོམ་པའི་རྩམ་ཟན་བོད་རིགས་སྤུན་ཟླ་ཚོ།།
ལྷག་བསམ་ཆེ་བའི་བོད་རིགས་དུ་མ་མི་རིགས་འདི་ཡི་འཐབ་རྩོད་ཆེད།།
ཚེ་སྲོག་དམར་པོ་མེ་ལ་སྒྲོན་ནས་གང་སར་མེར་སྲེག་གཏོང་སྐབས་སུ།།
གཉིད་ལ་མ་ཞུགས་ཡར་ལ་ལོངས་ཤོག་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོ།།
མཐོ་བོའི་གོ་ས་མཐོན་པོར་ཞུགས་པའི་དབང་ཆེན་དཔོན་པོ་དཔོན་མོ་ཚོ།།
གསུང་སྐད་བྱེའུ་ཆུང་འཇོལ་མོ་བཞིན་དུ་སྒྲོག་ནས་མི་ཚེ་བསྐྱལ་ན་ནི།།
རྒྱལ་ཞེན་ཆེ་བའི་བོད་རིགས་མང་པོའི་ལུས་སྲོག་ཕངས་མེད་འགྲོ་སྲིད་པས།།
ཁ་བཤད་ལག་ལེན་དོན་འཁྱོལ་གནང་ནས་བོད་དོན་རྩོད་དང་དཔོན་པོ་ཚོ།།
ཀུན་དགའ་དོན་གྲུབ་ཐོགས་པ་མེད་པའི་ཕྱུག་བདག་བོད་རིགས་སྤུན་ཟླ་ཚོ།།
རང་གི་འདོད་དོན་རྒྱབ་ཏུ་བསྐྱུར་ནས་དངུལ་གྱི་འགྲོ་གྲོན་བཏང་ནས་ནི།།
ལྷག་བསམ་ལྡན་པའི་ལས་འགུལ་སྤེལ་མཁན་གདོང་དྲུག་བུ་ཕྲུག་དོན་གཉེར་ཚོར།།
སྐུལ་མ་གནང་སྟེ་རང་དབང་མེ་ལྕེ་སྦར་རུ་བཅུག་དང་ཕྱུག་བདག་ཚོ།།
ཤེས་བྱའི་ཁོ་ལག་རྩལ་རྫོགས་བོད་རིགས་མཁས་དབང་རྒན་དར་གཞོན་གསུམ་ཚོ།།
སློབ་སྦྱོང་ཡོད་ན་བེད་སྤྱོད་བྱེད་པའི་དུས་ལ་སླེབས་འདུག་གངས་སེང་རྣམས།།
ནང་ཁུལ་འཁྲུག་ནས་རྩོད་ལེན་མ་བྱེད་རྒྱ་མིས་བེད་སྤྱོད་བྱེད་སྲིད་པས།།
མེ་ལྕེའི་ཁྲོད་ཀྱི་དཔའ་བོ་བསམ་ནས་རྒྱ་ལ་རྩོད་དང་མཁས་དབང་ཚོ།།
མི་རིགས་འདི་ཡི་གོད་ཆག་བསམ་ནས་ཡར་ལ་ལོངས་ཤོག་རྩམ་ཟན་ཚོ།།
བརྒྱ་ཕྲག་དཔའ་བོའི་ཞལ་ཆེམས་བསམ་ནས་ཡར་ལ་ལོངས་ཤོག་གདོང་དམར་ཚོ།།
གཞིས་ལུས་སྤུན་ཟླའི་སྡུག་བསྔལ་བསམ་ནས་ཡར་ལ་ལོངས་ཤོག་གངས་སེང་ཚོ།།
ས་ཡ་དྲུག་གི་རང་དབང་བསམ་ནས་ཡར་ལ་ལོངས་ཤོག་བོད་རིགས་ཚོ།།