༼ང་ཡི་བླ་མ༽
སེང་གེ
བྱར་མེད་ཡེ་སངས་མཉམ་ཉིད་ཀློང་དུ་ཡང་སངས་ཆོས་སྐུའི་རྟོགས་པ་བརྙེས།།
རང་སྣང་ལྷུན་གྲུབ་འོག་མིན་སྟུག་པོར་ལོངས་སྐུའི་ཆ་བྱད་ཡོངས་སུ་རྫོགས།།
མི་མཇེད་ཁམས་སུ་ཐབས་མཁས་ཐུགས་རྗེའི་རྨད་བྱུང་སྤྲུལ་སྐུའི་རྣམ་པར་རོལ།།
སྐུ་གསུམ་མི་ཕྱེད་འདྲེན་མཆོག་བླ་མ་ཕྱག་ན་པད་མོར་གཙུག་གིས་མཆོད།།
བཀླགས་གྲངས། 685
༼ང་ཡི་བླ་མ༽
བྱར་མེད་ཡེ་སངས་མཉམ་ཉིད་ཀློང་དུ་ཡང་སངས་ཆོས་སྐུའི་རྟོགས་པ་བརྙེས།།
རང་སྣང་ལྷུན་གྲུབ་འོག་མིན་སྟུག་པོར་ལོངས་སྐུའི་ཆ་བྱད་ཡོངས་སུ་རྫོགས།།
མི་མཇེད་ཁམས་སུ་ཐབས་མཁས་ཐུགས་རྗེའི་རྨད་བྱུང་སྤྲུལ་སྐུའི་རྣམ་པར་རོལ།།
སྐུ་གསུམ་མི་ཕྱེད་འདྲེན་མཆོག་བླ་མ་ཕྱག་ན་པད་མོར་གཙུག་གིས་མཆོད།།
བཅོས་མིན་སྙིང་རྗེ་ཕྱོགས་མཐར་མ་ལྷུང་ཇི་རྙེད་འགྲོ་ལ་ཐུགས་བརྩེ་ཆེ།།
ངོ་བོ་ཀ་ནས་དྲི་མས་མ་བསླད་རིག་སྟོང་འཇམ་དཔལ་གཞོན་ནུའི་ཐུགས།།
སྟོང་ཉིད་སྙིང་རྗེའི་གོ་ཆར་བསྟེན་མཁས་བླ་མེད་ཐེག་པའི་སྒོ་རྒྱ་འབྱེད།།
ལུང་རྟོགས་ཆོས་ཚུལ་ཟབ་རྒྱས་རྒྱ་མཚོར་ཡང་དག་རིག་པའི་ཚོཌ་ཀྱི་མཆོག།
གཉུག་མའི་རང་མདངས་ལྷུན་གྲུབ་འོད་གསལ་ཀ་དག་ཁྲེགས་ཆོད་མཐར་རུ་ཕྱིན།།
ན་རོ་ཆོས་དྲུག་རང་འབར་རང་གྲོལ་རང་སར་མ་སྒོམ་རང་སངས་རྒྱས།།
བྱང་ཆུབ་ལམ་འབྲས་ཆོས་ཀྱི་སྒྲོན་མེ་ཆོས་ཀུན་ཆོས་ཉིད་རབ་གསལ་བའི།།
མི་ཕམ་ཆོས་རྗེ་བློ་བཟང་ཞབས་ཀྱི་དུས་ཀྱི་ཕོ་ཉའི་རྣམ་སྤྲུལ་མཆོག།
མཁྱེན་གཉིས་ཡེ་ཤེས་རབ་ཏུ་རྩལ་རྫོགས་ཐུགས་དབྱིངས་ཁྱབ་གདལ་ཆེན་མོ་རུ།།
ཆོས་ཀུན་དྲི་མེད་མཐའ་བྲལ་ཀློང་དུ་སྣང་སྲིད་དག་པ་གཉེན་དུ་གཟིགས།།
མ་གཅིག་འགྲོ་ལ་བུ་གཅིག་ལྟར་བརྩེ་སྙིང་རྗེའི་རང་གཟུགས་ཐུགས་རྗེ་ཅན།།
སྤང་རྟོགས་སྐུ་བསྙེས་འཇིག་རྟེན་མགོན་པོ་སྲིད་གསུམ་འགྲོ་བ་གཏན་གྱི་སྐྱབས།།
ནུབ་ཕྱོགས་མཁའ་འགྲོ་འབུམ་ཚོགས་གླིང་ན་ཁྱེད་སྐུ་ཨྱོན་ཕ་དང་མཉམ།།
ཤར་ཕྱོགས་རི་བོ་རྩེ་ཡི་ལྔ་རུ་ཁྱོད་གསུང་འཇམ་དཔལ་དབྱངས་ལས་འཇེབས།།
ལྷོ་ཕྱོགས་མཁའ་ཁྱབ་གསང་སྔགས་ཞིང་ན་ཁྱོད་ཐུགས་རྒྱུ་འཕྲུལ་རྡོ་རྗེ་སེམས།།
བྱང་ཕྱོགས་གདོང་དམར་བོད་ཀྱི་ལྗོངས་སུ་ཁྱོད་ནི་འཕགས་མཆོག་མིག་མི་འཛུམ།།
བརྩེ་བའི་ཐལ་མོ་དབྱིག་ལྟར་བསུམ་ནས་ཕྱོགས་མེད་བདེ་བའི་དཔལ་ལ་འདྲེན།།
ངུར་སྨྲིག་ཆོས་གོས་ཧྲུལ་པོ་བསྣམས་ཤིང་ངེས་བྱུང་ཆོས་ཀྱི་ལམ་སྣར་བསུ།།
མ་བཅོས་འཛུམ་མདངས་མཇལ་བར་མོད་ལ་བྱམས་དང་སྙིང་རྗེའི་རང་ཤུགས་སློང་།།
ཤཱཀྱའི་དགེ་སྦྱོང་འཛིན་མའི་ཁྱོན་འདིར་འགྲོ་རྣམས་བདེ་བའི་གཙུག་གི་ནོར།།
གངས་རིའི་ཐུབ་བསྟན་ཆོས་ཀྱི་ལྗོངས་སུ་དར་གཅིག་བཙན་པོས་དབང་འཕྲོག་དུས།།
ཆོས་སྲིད་ལུགས་ཀྱི་དཔལ་ཡོན་མ་མཉམ་སླར་ཡང་རྒྱ་མཚོའི་མཐའ་ནས་བསྒྲེངས།།
འཚེ་མེད་ལམ་བཟང་རང་སར་མ་འདྲེས་ཞི་བའི་ལྟ་གྲུབ་དབུ་མ་ཡིས།།
ཕལ་རྒོལ་ཟིན་གནོན་མཁྱེན་བརྩེ་ནུས་པས་བོད་མིར་གདུང་བའི་བདག་པོ་ཁྱེད།།
འཛམ་གླིང་ཤར་ནུབ་ཕྱོཌ་ལྷུང་ཁྲོད་དུ་མི་གཅིག་མཚུངས་པའི་ལམ་གསར་གཏད།།
ཆོས་ལུཌ་བཟང་ངན་མཆོག་འཛིན་སེམས་སུ་ཆོས་ཀུན་སྙིང་རྗེའི་གཞི་རུ་སློབ།།
རིགས་གཞུང་གསར་རྙིང་ཞེ་རྒོད་སེམས་པར་མོས་གུས་ཐབས་ཀྱིས་བསྡུམ་པར་མཛད།།
ཁྱེད་ཐུགས་རྒྱ་ཆད་བྲལ་བའི་ཀློང་ན་འགྲོ་རྣམ་བདེ་བའི་སྨོན་གཅིག་པུ།།
ཁྱེད་གསུང་ཚིག་གི་ཉག་མ་རེ་རེས་མི་འཇིགས་ལྟ་བའི་གདེང་ཆེན་ཐོབ།།
ཁྱེད་གསུང་དོན་གྱི་སྙིང་པོ་རེ་རེར་བསིལ་འཇམ་བདེ་བའི་བྱིན་རླབས་ཞུགས།།
ཁྱེད་གསུང་བདེན་པའི་མཐུ་རྩལ་རེ་རེས་མཁས་མཛངས་རློམ་པའི་སྐྱོན་མཚང་བརྟོལ།།
ཁྱེད་གསུང་ཁྱབ་པའི་གོ་ལའི་ཁྱོན་འདིར་ཞི་དང་བདེ་བའི་དབུགས་དབྱུང་མཛད།།
བསམ་པའི་ཁྱེར་སོ་གོལ་འཆུག་མཚམས་ལ་བྱམས་དང་སྙིང་རྗེའི་སྒོམ་ཐབས་བསྟན།།
ཞེ་སྡང་བདུད་ཀྱི་ཞགས་པས་བཅིང་དུས་ཁྱེད་ཞལ་ཡིད་ལ་དྲན་པར་གསུངས།།
སྐྱིད་སྡུག་ལེགས་ཉེས་འཆི་གསོན་ཅི་བྱུང་སྟོང་དང་རྟེན་བྱུང་ལྟ་བར་འབུངས།།
འཛམ་གླིང་མཛེས་པའི་རྒྱན་གཅིག་ནོར་བུ་བླ་མེད་ཐུགས་རྗེ་སྲིད་ན་དཀོན།།