སྙན་ངག
བཀླགས་གྲངས། 577
༼ལས་དབང་གི་ཟིལ་མ༽
སེམས་ཀྱི་ཕྱིར་མིག་འཕང་བའི་སྐར་ཁུང་གི་ངོས་སུ།།
དགུན་གྱི་ཟིལ་མ་ཁྱོད་ཀྱང་སྐྱོ་རོགས་ཤིག་མིན་ནམ།།
སྦྲང་ཆར་ཟིལ་མ་ངེད་གཉིས་བར་ཐག་གིས་ཆོད་རུང་།།
མེད་སྣང་སེམས་ཀྱི་སྟོང་ལྷང་ཟིལ་མ་ཡིས་བསལ་སོང་།།
དགུན་གཞུང་གྲང་མོའི་ལོ་ནར་ཁྱོད་ཉིད་ལ་བསྒུགས་ནས།།
ཉིན་གྱི་གུང་དང་མཚན་མོའི་ཞག་གསུམ་ཡང་རིང་སོང་།།
ཡོད་ཚད་ཕྱི་ལ་མངོན་པའི་ཚོར་ངས་ཤིག་བྲལ་ཡང་།།
ཟིལ་མའི་ཐིགས་པ་རེ་ནང་ཁྱོད་དྲན་གྱི་ཟུག་འདུག།
བསིལ་འཇམ་ཞི་བའི་ཁང་ཆུང་གྲུ་བཞི་ཡི་ལོག་ན།།
སྔོན་བསུ་རྗེས་སུ་འདེད་པའི་སྣང་བ་ལ་སྐྱོད་བཞིན།
ངེས་མེད་སོམ་ཉི་རྒྱ་ཡི་དྲན་འཕྲུལ་གྱི་ཀློང་ནའང་།།
ཁྱོད་ནི་ཟིལ་མ་བཞིན་དུ་སེམས་ནང་གི་སྐྱོ་རོགས།།
ཆར་དང་ཆུ་གཉིས་འདྲེས་པའི་དགུན་གཞུང་གི་ཟིལ་མ།།
བརླན་དང་བཤེར་ཁུས་བསྲེས་པའི་འཇམ་རླུང་གི་ཟིལ་མ།།
རྩྭ་དང་རྩེ་མོའི་སྟེང་གི་འཇམ་མཉེན་གྱི་ཟིལ་མ།།
རྣམ་ཤེས་བྲལ་བའི་ཟིལ་མ་གསང་གཏམ་གྱི་བང་མཛོད།།
༡༧/༠༣/༢༠༢༠