པདྨ་ཚེ་བརྟན་སྐོར་གྱི་དྲན་ཐོ་ཐུང་ངུ། ཟླ་བ་ཚེ་རིང་།
བཀླགས་གྲངས། 1529
------པདྨ་ཚེ་བརྟན་སྐོར་གྱི་དྲན་ཐོ་ཐུང་ངུ།
བོད་ཀྱི་ཡིག་གཟུགས་རྒྱལ་སྤྱིའི་ཨང་རྟགས་(Unicode)ནང་བཅུགས་པ་དེས་བོད་ཕྱི་ནང་གཉིས་ལ་དྲ་ཐོག་གི་རང་དབང་ཞིག་ཐོབ། བརྡ་འཕྲིན་དུས་རབས་ནང་འདི་འདྲའི་རང་དབང་ཞིག་ཐོབ་པ་དེ་‘‘གཞིས་བྱེས་ལྷན་འཛོམས”ཆུང་ཆུང་ཞིག་ཅི་ལ་མིན། དེར་མཐུད་ནས་བོད་ཕྱི་ནང་གཉིས་ནས་དྲ་ཚིགས་གང་མང་ཞིག་གི་སྒོ་ཕྱེས་པ་མ་ཟད། སྐབས་དེར་ལ་མོ་ཕར་རྒྱབ་ཚུར་རྒྱབ་ཀྱི་དྲ་ཚིགས་འགྲིམ་པར་ད་ལྟ་བཞིན་གྱི་བཀག་སྡོམ་ཡང་མེད། ངས་པདྨ་ཚེ་བརྟན་དང་པོར་དྲ་ཐོག་ནས་གོ་བ་ཡིན། སྐབས་དེར་ཁོང་གི་<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་>>སྐོར་ལ་བོད་ཕྱི་ནང་གི་དྲ་ཐོག་ནས་བཟང་ངན་ཅི་རིགས་དང་། ཁོང་གིས་པེ་ཅིན་དུ་བཙུགས་པའི་ཧི་མ་ལ་ཡའི་གློག་བརྙན་ཁེ་ལས་སྡེ་ཚན་ལ་ཡང་ཡར་མར་བཅོ་བརྒྱད་བཤད་ཀྱིན་འདུག
ཧྥ་རན་སིར་འབྱོར་རྗེས་བོད་ཀྱི་སྙན་ངག་པ་ལྗང་བུ་ལགས་ཐོག་མར་ངོ་ཤེས། ཁོང་གིས་སྐབས་དེར་ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་གཙུག་ལག་སློབ་གཉེར་ཁང་(INALCO)དུ་བོད་ཡིག་དགེ་རྒན་གནང་མུས་རེད། ཁོང་བརྒྱུད་ནས་སློབ་གཉེར་ཁང་དེའི་རྒན་ཆོས་ཉིད་དབང་མོ་(Française ROBIN)དང་འགན་འཛིན་བདེ་སྦྱིན་བཟང་མོ་(Hearher STODDARD)སོགས་དགེ་སློབ་གང་མང་ཞིག་གི་ངོ་ཤེས་སུ་གྱུར། དམིགས་བསལ་རྒན་ཆོས་ཉིད་དབང་མོ་(རྗེས་སུ་ཁོང་མོས་པདྨ་ཚེ་བརྟན་ལགས་ཀྱི་སྐད་སྒྱུར་བ་དང་། ཁོའི་གློག་བརྙན་ཁག་གི་བརྙན་ཡིག་ཧྥ་སྒྱུར་བ། ཧྥ་རན་སིའི་འབྲེལ་མཐུད་པ་གནང་བ་དང་། གློག་བརྙན་དུས་སྟོན་ཁག་ཏུ་པདྨ་ཚེ་བརྟན་ལགས་ཀྱི་ཚབ་གནང་ནས་གློག་བརྙན་ཁག་ངོ་སྤྲོད་དང་གཏམ་བཤད་གནང་བར་ཡང་ཕེབས་ཡོད་)དང་འབྲེལ་འདྲིས་ཐག་ཉེ་བོ་ཆགས། ཟླ་དུས་གསལ་བོ་མི་དྲན་ནའང་། ༢༠༠༨ ལོའི་ལོ་མཇུག་གི་ཉིན་རྒྱབ་ཅིག་ལ་རྒན་ཆོས་ཉིད་དབང་མོས་ཁ་པར་སླེབས་ནས། སང་དགོང་ནས་ཁོ་ཚོའི་སློབ་གཉེར་ཁང་དུ་དགོང་དྲོ་གཉིས་རིང་ལ་བོད་ཀྱི་གློག་བརྙན་སྟོན་གི་ཡོད་པ་དང་། དེར་པདྨ་ཚེ་བརྟན་ལགས་ཀྱང་ཕེབས་ཡོད་ཚུལ། གལ་སྲིད་ཁྱོད་ལ་སྟབས་བདེ་བོ་ཡོད་ཚེ་གློག་བརྙན་ཚར་རྗེས་ང་ཚོས་མཉམ་དུ་དགོང་ཟས་ལ་རོལ་ཆོག་ཟེར། གློག་བརྙན་སྟོན་སར་སློབ་གཉེར་ཁང་དེའི་དགེ་ལས་ཚོ་ལས་གཞན། བོད་རིག་པ་དང་ཉམས་ཞིབ་པ་སོགས་མགོ་སེར་འགའ་ཤས་ཤིག་དང་། ཕ་རེ་སིར་གནས་སྡོད་བོད་མི་གང་འཚམ་ཞིག་སླེབས་འདུག་ཀྱང་། མི་དེ་འདྲའི་མང་བོ་མ་རེད་ལ་གློག་བརྙན་སྟོན་སའང་སྤྱིར་བཏང་གི་འཛིན་ཁང་ཞིག་རེད། ང་དེར་འབྱོར་སྐབས་བོད་བཟོས་སྟོད་གོས་ཁམ་སྨུག་གྱོན་པའི་བོད་མི་ཞིག་གིས་རྒན་ཆོས་ཉིད་དབང་མོ་དང་ལྷན་དུ་སློབ་ཁང་གི་བར་འཁྱམ་ནས་མགོ་སེར་འགའ་དང་གླེང་མོལ་བྱེད་བཞིན་འདུག ཕྱི་ལོག་ལ་ཡོང་ནས་ལོ་མང་འགོར་བའི་བོད་པ་ཚོ་དང་མི་འདྲ་བའི་གདོང་གཤིས་དང་འདུག་སྟངས་དེས། ངས་ཁོ་པདྨ་ཚེ་བརྟན་ཡིན་པ་ལམ་སེང་ངོས་ཟིན། ངས་ཁོང་ལ་འཚམས་འདྲིའི་ཚུལ་དུ་ལག་བརྡ་ཞིག་བསྟན་རྗེས་གློག་བརྙན་སྟོན་སའི་འཛིན་ཁང་ནང་འཛུལ་ཕྱིན་པ་ཡིན།
ཐེངས་དེར་ཁོང་གིས་པེ་ཅིན་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན་སྐབས་ཀྱི་མཐར་ཕྱིན་བརྩམས་ཆོས་བརྙན་ཐུང་<<རྩྭ་ཐང་>> དང་། རྒྱལ་སྤྱིའི་བརྙན་འཕྲིན་སྡེ་ཚན་ཌི་སི་ཁོ་བར་རོས་(Discovery)ཀྱིས་རེ་སྐུལ་དགོས་འདུན་འོག་བཟོས་པའི་དངོས་བཤུས་གློག་བརྙན་<<སེར་སྲུང་>>གཉིས་འཁྱེར་ནས་ཡོང་འདུག གློག་བརྙན་གཉིས་ཀ་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས། སྲོལ་རྒྱུན་དང་དེང་རབས་བར་གྱི་འགལ་ཟླ་དང་འབྲེལ་ཞིང་། <<རྩྭ་ཐང་>>གིས་བོད་ཀྱི་རི་ཀློང་དང་ཁ་བ། གཙང་བོ། རྩྭ་ཐང་བཅས་ལ་བརྙན་མིག་བསྐོར་སྟངས་དེ་ཧང་སངས། <<སེར་སྲུང་>> ནང་གི་སྔགས་པས་མཐུ་སྔགས་ལ་བསྟེན་ནས་ཆར་བ་འགོག་སྟངས་སོགས་ཆོས་རིག་གི་གཏིང་ཟབ་ཅིང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཞིབ་ཚགས་པོ་ཡིན་པའི་རྐྱེན་ནམ། གློག་བརྙན་བསྟན་རྗེས་མགོ་སེར་ཚོས་ཁོང་དང་ལྷན་དུ་དྲི་བ་དྲིས་ལན་རྒྱུན་རིང་བོ་ཞིག་ལ་བྱས་སོང་། ངས་ད་དུང་དྲན་སོས་པའི་དགོད་བྲོའི་གནས་སྟངས་ཤིག་བྱུང་བ་ནི། ཨམ་སྐད་ཤུགས་ཆེ་བའི་‘‘སེར་སྲུང་’’ཞེས་པ་ལ་མགོ་སེར་ཚོས་གོ་བ་མ་ལོན་པར་ཡང་ནས་བསྐྱར་དུ་དྲི་བ་དྲིས་ལན་བྱུང་བ་དེ་རེད། ཁོ་ཚོས་དེ་ཆོས་ཚིག་གམ་བརྡ་རྙིང་ཞིག་ཡིན་དབང་དུ་བཏང་འདུག
གློག་བརྙན་བསྟན་ཚར་རྗེས། རྒན་ཆོས་ཉིད་དབང་མོས་གོ་སྒྲིག་བྱས་པ་ལྟར་ཁོང་མོ་སྡོད་སའི་ཉེ་འཁྲིས་ཀྱི་ཏིར་ཀི་སི་ཐན་གྱི་ཟ་ཁང་ཞིག་ཏུ་ཕྱིན་པ་ཡིན། ངེད་གསུམ་ལྷན་དུ་ལྷ་ས་ནས་ཡོང་བའི་བུ་མོ་ལོ་གཞོན་རྣམ་རྒྱལ་ལྷ་མཛེས་ཟེར་བ་ཞིག་ཀྱང་འདུག ཁོ་མོས་ཕ་རེ་སིའི་གློག་བརྙན་སློབ་གླིང་ག་གེ་མོའི་ནང་གློག་བརྙན་རིག་པར་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། ང་དང་འདྲ་བར་ཁོ་མོ་ཡང་པདྨ་ཚེ་བརྟན་ལགས་དང་ཐུག་པར་ཡོང་ཐེངས་དང་བོ་ཡིན་འདུག དགོང་ཟས་ཟ་ཞོར་ལ་ང་ཚོས་ཁ་བརྡ་བྱས་པ་ཡིན་མོད། ཁ་བརྡའི་གོ་སྐབས་མང་ཤོས་ངས་རྣམ་རྒྱལ་ལྷ་མཛེས་ལགས་སུ་སྤྲད་པ་ཡིན། གཅིག་ནས་ཁོང་གཉིས་ཀ་གློག་བརྙན་ལས་རིགས་གཅིག་པ་ཡིན་སྟབས་ཐུན་མོང་གི་བརྗོད་གཞི་མང་བ་དང་། གཉིས་ནས་མིའི་མདུན་དུ་པདྨ་ཚེ་བརྟན་ངེད་གཉིས་ཀྱིས་ཨམ་སྐད་རྐྱང་བཤད་བསྡད་ན། གཞན་ལ་མ་གུས་པ་འདྲ་བོ་འདུག གང་ལྟར་པདྨ་ཚེ་བརྟན་ལགས་དང་ཐུག་འཕྲད་དང་བོའི་སྐབས། ངེད་གཉིས་ཀྱིས་དགོས་ཟས་ཞོར་ལ་སྦིར་རག་དེམ་བུ་འགའ་མཉམ་དུ་བཏུངས་བ་ལས། དམིགས་བསལ་གྱི་ཁ་བརྡ་འདི་བྱས་པ་ཞིག་ད་ལྟ་དྲན་སོས་ཀྱི་མི་འདུག གློག་བརྙན་སྟོན་སྐབས་ཀྱི་དྲི་བ་དྲིས་ལན་གྱི་སྐབས་དང་། དགོང་ཟས་ལ་མཉམ་དུ་རོལ་སྐབས་ཀྱི་ཁ་བརྡ་བྱེད་སྟངས་གང་ཡིན་ཡང་། ང་ལ་ཁོང་ནི་མི་ཧ་ཅང་གི་གཤིས་འཇམ་ཞིག་དང་། ཆེ་ཚུགས་མེད་པར་གཞན་ལ་འདྲིས་སླ་བའི་མི་ལྷུན་ཆགས་ཤིག་ཡིན་པའི་ཚོར་སྣང་བྱིན།
དེའི་ཕྱི་ཉིན་སྔ་དྲོ་ཡོལ་ཙམ་ལ་རྒན་ཆོས་ཉིད་དབང་མོ་ལགས་ཀྱིས་ཡང་བསྐྱར་ཁ་པར་སླེབས་ནས། ཕྱི་དྲོ་པདྨ་ཚེ་བརྟན་གཅིག་བུ་ནང་(ཁོང་ཧྥ་རན་སིར་ཕེབས་སྐབས་རྒན་ཆོས་ཉིད་དབང་མོའི་ནང་ལ་སྡོད་ཀྱི་ཡོད་)ལ་ཡོད་པ་དང་། དུས་ཚོད་ཡོད་ན་ཁོང་གི་འདུག་རོགས་དང་དགོང་དྲོར་གློག་བརྙན་སྟོན་སར་འཁྲིད་རོགས་ཟེར། ང་ཁོང་སྡོད་སར་སླེབས་སྐབས་ཁོང་དང་རྒྱ་མི་རྒན་པ་ཞིག་གིས་ཇ་འཐུང་ཞོར་ཁ་བརྡ་བྱས་ནས་བསྡད་འདུག ཚང་མས་ཤེས་གསལ་ལྟར་༢༠༠༨ ལོ་ནི་བོད་ཕྱི་ནང་གཉིས་ལ་མཚོན་ན་ངོ་རྒོལ་གྱི་ལོ་ཞིག་ཡིན་སྟབས། བོད་མི་བྱིངས་ལྟར་ངས་ཀྱང་དུས་རྒྱུན་རང་གི་བྲང་ཁར་བོད་ཀྱི་རྒྱལ་དར་ཆུང་ཆུང་ཞིག་བཏགས་ཡོད། རྒྱ་མི་རྒན་པ་ཞིག་ཡོད་པ་དེས་ང་ལ་ཚོར་སྣང་མི་བདེ་བ་ཞིག་སྤྲད་ཅིང་། བྲང་གི་རྒྱལ་དར་དེས་པདྨ་ཚེ་བརྟན་ལགས་ཀྱི་ཕུགས་ལ་གནོད་བསྐྱལ་མི་ཡོང་ངམ་བསམ་ནས་ཕྱིར་ཐབ་ཚང་ནང་ལ་སོང་ནས་མར་བླངས་པ་ཡིན། ཕྱིར་ཁོ་གཉིས་སར་སོང་ནས་ཁ་བརྡ་ལ་ཟུར་ཉན་བྱས་ནས་བསྡད། ཁོ་གཉིས་ཀྱི་ཁ་བརྡ་ནི་ཧ་ཅང་གི་ལྷོད་པོ་དང་ཉན་སྤྲོ་བོ་དེ་འདྲ་རེད། ས་མིང་མི་མིང་དང་བརྙན་མིང་སོགས་བཤད་སྐབས་ངས་གོ་མ་མྱོང་རྐྱང་ཡིན་ནའང་། གཙོ་བོ་པདྨ་ཚེ་བརྟན་ལགས་ཀྱིས་དྲིས་པ་ལྟར། རྒྱ་མི་རྒན་པ་དེས་ཁོ་ལ་ཡུ་རོབ་གླིང་གི་གློག་བརྙན་གྱི་རིང་ལུགས་མི་འདྲ་བ་དང་། དེ་དག་གི་ཚབ་མཚོན་གློག་བརྙན། འཁྲབ་འཁྲིད་པའི་བསམ་བློའི་ལྟ་གྲུབ། སྐབས་དེའི་ཆབ་སྲིད་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་སོགས་ཀྱི་སྐོར་རེད་འདུག རྒྱ་མི་རྒན་པ་དེ་སོང་རྗེས་ངེད་གཉིས་ཁ་བརྡ་བྱེད་མགོ་བཙུགས་པ་ཡིན། ཁོང་གིས་རྒྱ་མི་རྒན་པ་དེ་ནི་པེ་ཅིན་གློག་བརྙན་སློབ་གླིང་དུ་ཡོད་སྐབས་ཀྱི་དགེ་རྒན་དང་། ད་ལྟ་ཧྥ་རན་སིའི་གློག་བརྙན་སློབ་གླིང་ཞིག་གི་ནང་གདན་ཞུའི་མཛུབ་འཁྲིད་དགེ་རྒན་གནང་གི་ཡོད་ཚུལ་བཤད་སོང་། ངེད་གཉིས་བར་གྱི་ཁ་བརྡ་མང་ཤོས་ནི་ཕན་ཚུན་རྒྱུས་ལོན་གྱི་སྐད་ཆ་སྤྱིར་བཏང་བ་རེད། བར་མཚམས་ཤིག་ནས་ངས་ཁོང་ད་ཐེངས་ཧྥ་རན་སིར་ཕེབས་དོན་འདྲི་སྐབས། ཁོང་གིས་‘‘ངས་དྲི་མེད་ཀུན་ལྡན་སྐོར་གྱི་གློག་བརྙན་ཞིག་ཕབ་ཡོད། རྒྱ་ནག་ནས་དེ་སྒྲིག་སྦྱོར་བྱེད་ཐུབ་མཁན་ཡོད་ནའང་འདོད་པ་ཚིམ་པ་ཞིག་མི་ཡོང་གི ད་ཐེངས་འདིར་དེ་སྒྲིག་སྦྱོར་བྱེད་དུ་ཡོང་བ་ཡིན།’’ཟེར་ཞིང་། དེའི་ཞོར་ལ་ཁོང་གི་གློག་བརྙན་འགའ་སློབ་གྲྭ་དང་ཆོས་ཚོགས་འགའ་ཤས་ནང་སྟོན་གྱི་ཡོད་ཚུལ་བཤད་སོང་།
དགོང་དྲོ་གཉིས་པའི་གློག་བརྙན་སྟོན་ཐེངས་དེ་སྔ་དགོང་ནང་བཞིན་གྲ་འགྲིག་པོ་ཞིག་མ་བྱུང་། དགོང་མོ་དེར་རྒན་ཆོས་ཉིད་དབང་མོ་ལས་བྲེལ་གྱིས་ཡོང་མ་ཐུབ་པར་བརྟེན། ཁོང་གི་སྐད་སྒྱུར་ལ་དཀའ་ངལ་ཞིག་འཕྲད། མཐར་འུ་ཐུག་སྐབས་ཁོང་གི་དགེ་རྒན་རྒྱ་མི་རྒན་པ་དེས་སྐད་སྒྱུར་བྱས། སྐད་སྒྱུར་བྱེད་སྟངས་དེས་རང་གཞན་གཉིས་ཀ་ཚོར་སྣང་མ་བདེ་བ་དང་འགུ་བློ་མ་ཁེངས་བའི་གནས་སྟངས་ནང་བསྐྱལ། རྒན་ཆོས་ཉིད་དབང་མོ་ལགས་ཀྱིས་པདྨ་ཚེ་བརྟན་ངོ་སྤྲོད་གནང་སྐབས། ཁོང་བོད་མདོ་སྨད་ནས་སྐྱེས་ཤིང་བོད་ཀྱི་གློག་བརྙན་འཁྲིབ་འཁྲིད་པ་དང་རྩོམ་པ་པོ་སོགས་‘‘བོད་’’དང་ཁ་མ་བྲལ་བར་བྱེད་ཀྱི་ཡོད་ནའང་། རྒྱ་མི་རྒན་པ་དེས་ངོ་སྤྲོད་བྱེད་སྐབས་ཁོང་ ‘‘ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་སྔོན་ཞིང་ཆེན་དུ་’’སྐྱེས་པ་དང་། ཁོང་ནི་‘‘ཀྲུང་གོའི’’ཅིག་ཅིག་དང་‘‘ཀྲུང་གོའི’’ ཉིག་ཉིག་ཡིན་ཚུལ་ངོ་སྤྲོད་བྱས་པ་དེས། ངོ་སྤྲོད་པ་གཉིས་ཀྱིས་མི་གཅིག་ངོ་སྤྲོད་བྱེད་པ་དང་མི་འདྲ་བར། མི་རིགས་ཁག་ཁག་ཡིན་པའི་མི་སྣ་གཉིས་ངོ་སྤྲོད་བྱེད་ཀྱི་ཡོད་པའི་ཚོར་སྣང་མི་བདེ་བ་དེ་བྱིན། ལྷག་པར་དུ་དགོང་དྲོ་དེའི་གློག་བརྙན་ནི་ཁོང་གི་དངོས་བཤུས་གློག་བརྙན་<<ཀ་ཐོག་སྨོན་ལམ་ཆེན་མོ་>>ཡིན་སྟབས། རྒྱ་མི་རྒན་པ་དེའི་ཧྥ་སྐད་ཀྱི་ཆུ་ཚོད་མཐོ་བོ་མིན་པ་དང་། བོད་ཀྱི་ཆོས་རིག་ལ་ཤེས་རྟོགས་ཞན་པ་དེས་དྲི་བ་འདྲི་མཁན་དང་དྲིས་ལན་འདེབས་མཁན་དབར་གོ་བརྡ་མ་འཕྲོད་པའི་དཀའ་ངལ་བྱུང་ཞིང་། གང་འཚམ་ནས་གློག་བརྙན་སྟོན་ཐེངས་དེ་རང་བཞིན་གྱིས་མཇུག་སྒྲིལ་དགོས་བྱུང་། དུས་ཡུན་གང་འཚམ་འགོར་བའི་རྗེས་སུ་ངས་དགོང་དྲོ་དེའི་སྣང་ཚུལ་རྒན་ཆོས་ཉིད་དབང་མོ་ལགས་ལ་ཁ་བརྡ་བྱས་པ་ཡིན། ཁོང་མོས་ ‘‘རེད། སྔོན་མ་ཁོའི་གློག་བརྙན་ནང་ལའང་པདྨ་ཚེ་བརྟན་གྱི་མིང་དབྱིན་ཡིག་ནང་འབྲི་སྐབས་རྒྱ་གདངས་ཀྱི་(wan ma cai dan)ཞེས་བྲིས་ཡོད་པ་རེད། སྣང་ཚུལ་དེ་མི་འབྱུང་བའི་ཆེད་དུ་ང་ཚོས་གྲོས་བསྡུར་བྱས་ནས་ཕྱི་ལོགས་ཀྱི་བོད་མིང་དབྱིན་ཡིག་ནང་འབྲི་སྟངས་(Pema Tseden)འདི་བེད་སྤྱོད་བྱེད་རྒྱུ་ཐག་བཅད་ཡོད།’’གསུངས་སོང་། ངས་རྒྱ་མི་རྒན་པ་དེའི་ངོ་སྤྲོད་བྱེད་སྟངས་དེར་དམིགས་ཡུལ་གང་རུང་འཁྱེར་ཡོད་པར་མི་བསམ་པར། དེ་ནི་ཁོ་འཚར་ལོངས་བྱུང་སའི་ཁོར་ཡུག་གི་ཆབ་སྲིད་དང་རིག་གཞུང་གིས་བསྐྱེད་པ་ཞིག་ཏུ་འདོད་ཡོད།
ཉིན་འགའི་རྗེས་སུ་པདྨ་ཚེ་བརྟན་ལགས་ཀྱི་ཁ་པར་ཡོང་ནས་ཁོང་ཕྱིར་པེ་ཅིན་དུ་ལོག་འགྲོ་གི་ཡོད་པ་དང་། ཁོང་གི་འབྲེལ་གཏུགས་ཁ་པར་ཨང་གྲངས་བཞག་ནས། རྗེས་སུ་ཕ་ཡུལ་དང་པེ་ཅིན་དུ་ཡོང་སྐབས་འབྲེལ་གཏུགས་བྱོས་དང་། ཁོང་གི་ལས་ཀ་རང་དབང་ཅན་ཡིན་སྟབས་ཁྱོད་ལ་འགྲོ་རོགས་འདུག་རོགས་ཉན་ནི་རེད་ཟེར།
ཁོང་དང་ཐུག་ཐེངས་གཉིས་པ་ནི་༢༠༡༢་ལོའི་དབྱར་དཀྱིལ་གྱི་ཉིན་ཞིག་ལ་རེད། སྐབས་དེར་ཁོང་ཕ་རེ་སིར་ཕེབས་ནས་ཉིན་འགའ་ཕྱིན་འདུག་ལ། བྲེལ་བ་ཡང་ཧ་ཅང་ཆེན་པོ་རེད་འདུག ངེད་གཉིས་[བོད་པའི་ཁྱིམ་ཆུང་]གིས་གོ་སྒྲིག་བྱས་པའི་བོད་ཀྱི་རིག་གཞུང་དུས་སྟོན་སྟེང་ཐུག་པ་ཡིན། དུས་སྟོན་ཚོགས་ཡུལ་གྱི་ཤར་ཕྱོགས་གཙུག་ལག་སློབ་གཉེར་ཁང་ཡང་ས་གནས་གསར་པར་སྤོས་ཡོད་པ་དང་། དེར་ཚོགས་ཁང་སོགས་ཆ་རྐྱེན་ཡག་པོ་ཡོད་སྟབས། ཐེངས་དེའི་ཁོང་གི་གློག་བརྙན་སྟོན་ས་དེ་ཚོགས་ཁང་ཆེན་པོ་ཞིག་ནང་ཡིན་ཞིང་། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་གཙོས་པའི་བོད་རིག་པའི་མཁས་པ་མང་བོ་ཞིག་དང་། ལྷག་པར་དུ་ཧྥ་རན་སིར་གནས་སྡོད་བོད་མི་ཡང་གང་མང་ཞིག་ཕེབས་འདུག དུས་སྟོན་སྟེང་ཆེད་དུ་གོ་སྒྲིག་བྱས་པའི་གློག་བརྙན་<<འཚོལ>>བསྟན་ནས་དྲི་བ་དྲིས་ལན་གྱི་ལས་རིམ་མཇུག་སྒྲིལ་རྗེས། པདྨ་ཚེ་བརྟན་ལགས་ཀྱིས་དེ་རིང་འདིར་བོད་པ་མང་བོ་ཞིག་ཡོང་ཡོད་པ་དེར་དགའ་བོ་བྱུང་ཚུལ་དང་། ད་ཐེངས་ཁོང་གི་གློག་བརྙན་གསར་པ་<<ཁྱི་རྒན>>འགྲེམ་སྤེལ་ཆེད་སླེབས་པ་དང་། ད་རུང་གློག་བརྙན་དེ་ཡོངས་ཁྱབ་འགྲེམ་སྤེལ་བྱས་མེད་ཀྱང་དེ་རིང་འདི་ནས་ཚང་མར་བསྟན་ཆོག་ཟེར། གློག་བརྙན་<<ཁྱི་རྒན་>>བསྟན་རྗེས་ཁོང་གི་རེ་འདོད་ལྟར་དྲི་བ་དྲིས་ལན་མིན་པར་ཁ་བརྡའི་རྣམ་པའི་ཐོག་ནས་ཕན་ཚུན་བརྗེ་རེས་བྱས། ཁ་བརྡའི་ནང་ཆ་ཤེས་ལེན་མཁན་མང་ཤོས་བོད་རིག་པའི་གཞོན་སྐྱེས་སློབ་གཉེར་བ་དང་བོད་མི་ཚོ་རེད། ཁོང་གིས་གློག་བརྙན་དེའི་ཐོག་མའི་བློས་བསླངས་ནས་ཕབ་བསྐྲུན་གྱི་ས་གནས། འཁྲབ་སྟོན་པ་འཚོལ་སྟངས་། དེ་བཞིན་གློག་བརྙན་གྱི་བརྙན་ཚན་རེ་རེ་ཕབ་ལེན་དང་དུས་ཡུན་སོགས་ཀྱི་སྐོར་ཞིབ་ཚགས་ཀྱིས་ཁ་བརྡ་བྱས་ཤིང་། གློག་བརྙན་ལྟ་མཁན་ཚོའི་ཁྲོད་དུ་བརྙན་མཇུག་ཏུ་ཁྱི་རྒན་བསད་པ་དེར་ཚོར་ཤུགས་ཆེན་པོ་ཡོད་པ་དེར། ཁོང་གིས་ ‘‘སྤྱིར་བཏང་བོད་ཀྱི་གློག་བརྙན་དང་བོད་ཁུལ་དུ་གློག་བརྙན་ཞིག་ལས་སྐབས་ཆོག་མཆན་རག་ཁག་པོ་རེད། ཁྱི་རྒན་གྱི་འཁྲབ་གཞུང་བྲིས་ཚར་ནས་ཆོག་མཆན་ཐོབ་རག་བར་དུ་དུས་ཚོད་མང་བོ་ཞིག་འགོར་སོང་། ཆོག་མཆན་ཐོབ་ནས་ཕབ་བསྐྲུན་དང་སྒྲིག་སྦྱོར་ཚང་མ་ཚར་ནས་ཡར་སྟེར་སྐབས། ཡང་བརྙན་མཇུག་གི་ཁྱི་རྒན་བསད་པ་དེ་འགྲིག་མི་འདུག་ཅེས་བཤད་པ་རེད། མཐའ་མ་དེར་<<ཁྱི་རྒན་>>ལ་རྒྱལ་སྤྱིའི་དཔར་གཞི་དང་རྒྱ་ནག་ནང་གི་དཔར་གཞི་གཉིས་བཟོ་དགོས་བྱུང་བ་རེད། རྒྱལ་ནག་ནང་གི་དཔར་གཞིའི་ནང་ཁྱི་རྒན་ཚེ་ཐར་ལ་བཏང་ཡོད་པ་རེད་’’ཅེས་འགྲེལ་བརྗོད་དང་ལྷན། རྗེས་སུ་རྒྱ་ནག་ནང་དཔར་གཞི་བསྐྱར་དུ་ཕབ་བསྐྲུན་བྱེད་དུ་འགྲོ་སྐབས། དེ་སྔའི་གློག་བརྙན་ནང་གི་ཁྱི་རྒན་དེ་ཤི་ཚར་བར་བརྟེན། ཁྱི་རྒན་གཞན་ཞིག་གི་སྤུ་མདོག་ལ་ཚོན་རྩིས་བྱུགས་པ་དང་། <<འཚོལ>>བརྙན་ཕབ་དུ་འགྲོ་སྐབས་དེ་སྔ་འཁྲབ་གཞུང་ནང་མེད་ནའང་། རང་གི་ཆུང་མ་སྦྱིན་པར་བཏང་མྱོང་བའི་རྒན་པོ་ཞིག་དང་དངོས་སུ་འཕྲད་དེ་དུས་སྐབས་འདིར་"དྲི་མེད་ཀུན་ལྡན”ཞིག་ལ་ཐུག་པ་སོགས་ཀྱི་གཏམ་རྒྱུད་དགོད་བྲོ་བོ་དང་ཉན་སྤྲོ་བོ་འགའ་ཡང་བཤད་སོང་། ཁྱི་རྒན་གྱི་བསྡུས་གཟུགས་ཐད་ཧྥ་རན་སིའི་བུ་མོ་ཞིག་གིས་དོན་ངོ་མའི་ཐོག་བོད་ཀྱི་ཡོད་ཚད་འདི་ལྟར་ཚར་བ་རེད་དམ་ཞེས་འདྲི་སྐབས། ཁོང་གིས་ཧ་ཅང་གཟབ་ནན་དང་བཅས་"རེད། དོན་ངོ་མའི་ཐོག་ནས་འདི་མོ་རེད”ཟེར།
གློག་བརྙན་སྟོན་པའི་ལས་རིམ་ཚང་མ་མཇུག་སྒྲིལ་རྗེས་ཁོང་ང་ཚོའི་སར་ཡོང་ནས། སང་ཉིན་ཕྱིར་ལོག་འགྲོ་གི་ཡོད་པ་དང་དུས་ཚོད་ཡོད་ན་ཕྱི་དྲོ་ང་ཚོས་མཉམ་དུ་ལྷོད་ལྷོད་ཅིག་བྱས་ན་གང་འདྲ་འདུག་ཟེར། རྒན་ཆབ་བྲག་ལྷ་མོ་སྐྱབས་དང་ཁོང་གི་སྐུ་འཁོར། གྲོགས་ནོར་བུ་ཚེ་རིང་བཟའ་ཚོ་གཉིས། གྲོགས་འཇིགས་མེད་བརྩོན་འགྲུས་བཅས་ང་ཚོ་སློབ་གཉེར་ཁང་དེའི་འགྲམ་གྱི་གླིང་ག་ཞིག་གི་ནང་སོང་། གླིང་གའི་ནང་བསྡད་པའི་རིང་སློབ་གཉེར་ཁང་དེའི་སློབ་ཕྲུག་གང་མང་ཞིག་ཁོང་ལ་ཟུར་མཇལ་ཆེད་སླེབས་སོང་། བར་སྐབས་ཤིག་ནས་ཁོང་གིས་ང་ཟུར་དུ་བོས་ནས་ཤོག་བྱང་ཞིག་བསྟན་ནས་ ‘‘སྨན་འདི་ཆི་ཟིག་རེད། ཁྱོས་ཨེ་ཤེས་ཀི་’’ཟེར། ངས་མ་ཤེས་པར་ནོར་བུ་ཚེ་རིང་བོས་ནས་ང་ཚོས་གྷོ་གྷལ་འཚོལ་བཤེར་ནང་བཙལ་སྐབས་རྨ་སྨན་ཞིག་རེད་འདུག ཁོང་གིས་སྐེ་བསྟན་ནས་ང་ལ་འདི་འདྲའི་རྨ་ཞིག་དོད་འདུག སྨན་འདི་རྨ་འདིའི་་རིགས་ལ་ཡག་པོ་ཡོད་རབས་དང་རྒྱ་ནག་ནས་རག་གི་མི་འདུག་ཚུལ་བཤད་སོང་། དགོང་ཟས་ཟ་བར་འགྲོ་བའི་ལམ་བར་ནས་ང་ཚོ་སྨན་འཚོང་ཁང་ཞིག་ཏུ་སོང་ནས་སྨན་དེ་ཉོས། དགོང་ཟས་ཚར་རྗེས་མང་བོ་ཞིག་སྡོད་གནས་ཐག་རིང་བོ་ཡིན་སྟབས་གྲོགས་འཇིགས་མེད་བརྩོན་འགྲུས་ལགས་ཀྱིས་ཁོང་རྒན་ཆོས་ཉིད་དབང་མོའི་ནང་དུ་སྐྱེལ་རྒྱུ་བྱས་ཤིང་། ང་ཁོ་གཉིས་དང་ལམ་འཁེལ་ཡིན་སྟབས་ང་ཚོས་མཉམ་དུ་སོང་བ་ཡིན། ལམ་བར་ནས་ངས་ཁོང་གི་གློག་བརྙན་ཐེངས་རྗེས་མ་དེ་གང་ཡིན་དྲིས་པ་ཡིན། ཁོང་གིས་དེ་<<གླང་ཀོག་སྤེན་པ་>>ཟེར་བ་ཞིག་ཡིན་ཚུལ་དང་། དབུས་ཀྱི་གཏམ་རྒྱུད་ཅིག་ཡིན་སྟབས་ལྷ་ས་ནས་ཕབ་བསྐྲུན་བྱ་རྩིས་ཡོད་ཚུལ་བཤད་སོང་།(གཏམ་རྒྱུད་འདི་གློག་བརྙན་དུ་ཕབ་པར་ཆོག་མཆན་རག་མེད་ཚོད་འདུག) ངས་དེ་ལ་ས་གནས་དང་ཁོར་ཡུག་སོགས་ཀྱི་དཀའ་ངལ་ཡོད་མེད་འདྲི་སྐབས། ཁོང་གིས་དབུས་གཙང་ཨ་མདོ་དང་ཁམས་ཁུལ་ལྟ་བུ་མིན་པར་དེར་ཆེད་ལས་གློག་བརྙན་འཁྲབ་སྟོན་པ་མང་བོ་ཡོད་སྟབས། གློག་བརྙན་གྱི་ཆ་ནས་དཀའ་ངལ་མེད་ནའང་། གཙོ་བོ་ཆོག་མཆན་རག་མིན་དེ་དཀའ་ངལ་ཞིག་ཡིན་ཚུལ་བཤད་སོང་། ངས་ཁོང་ལ་རྩེད་མོ་དང་སྦྲགས་ནས་‘‘ངས་ཁྱོད་ཀྱི་གློག་བརྙན་རྗེས་མ་བཤད་ཀྱི་ཡོད་ནའང་། ད་བར་ཁྱོད་ཀྱི་གློག་བརྙན་དང་བོ་མི་ཎི་རྡོ་འབུམ་ལའང་བལྟས་མེད་’’ཅེས་བཤད་སྐབས། ཁོང་གིས་ངའི་གདོང་ལ་བལྟས་ནས་གད་མོ་ཞིག་ཤོར་སོང་། ཕྱི་ཉིན་གྲོགས་འཇིགས་མེད་བརྩོན་འགྲུས་ཀྱིས་བརྙན་སྡེར་ཞིག་ང་སྟེར་ཞོར་འདི་པདྨ་ཚེ་བརྟན་གྱིས་མདང་དགོང་ཁྱོད་ལ་བསྐུར་སོང་ཟེར། དེ་སྤྱིར་བཏང་གི་<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་>>གྱི་བརྙན་སྡེར་ཞིག་མིན་པར། གློག་བརྙན་དེའི་མ་ཕྱིའི་བརྙན་སྡེར་ཞིག་ཡིན་སྟབས་ང་རང་ཧ་ལས་པའི་དགའ་བོ་བྱུང་།
ཕྱི་ལོ་༢༠༡༥ ནས་༢༠༡༩་བར་ནི་པདྨ་ཚེ་བརྟན་ལགས་ལ་མཚོན་ན་ཁོང་གི་གློག་བརྙན་ལས་རིགས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བའི་དུས་སྐབས་ཤིག་དང་། ཁོང་རང་ཉིད་ལ་མཚོན་ནའང་མཚན་སྙན་གྲགས་དར་ཞིང་རྒྱས་པའི་དུས་སྐབས་ཤིག་ཆགས་ཡོད། དུས་སྐབས་དེར་ཐོན་པའི་ཁོང་གི་གློག་བརྙན་<<ཐར་ལོ་>>དང་ <<ལག་དམར་>> <<དབུགས་སྒང་>>བཅས་ལ་རྒྱལ་སྤྱིའི་རིམ་པ་དང་རྒྱ་ནག་གི་ཚད་མཐོའི་གཟེངས་རྟགས་གང་མང་ཐོབ་ཅིང་། ཁོང་གི་མཚན་སྙན་ཡང་རྒྱལ་སྤྱིའི་སྡིངས་ཆ་བརྒྱུད་ནས་ཕྱིར་རྒྱ་ནག་ཏུ་ཁྱབ། བར་སྐབས་དེ་ཧྥ་རན་སིར་མཚོན་ནའང་བོད་མིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་ཁ་འཕུར་བཞིན་པའི་དུས་སྐབས་ཤིག་ཆགས་ཡོད་སྟབས། ང་ཚོ་གྲོགས་པོ་བློས་ཐུབ་འགས་<<བོད་ཀྱི་ཡིག་ཟམ་>>ཞེས་པའི་ཧྥ་བོད་སྐད་ཡིག་ཟུང་ལྡན་གྱི་ཟླ་རེའི་ཚགས་ཤོག་ཅིག་འདོན་མགོ་བཙུགས། ཚགས་ཤོག་གི་ངོས་ནས་གསར་དུ་དར་བཞིན་པའི་བོད་ཀྱི་གློག་བརྙན་ལས་རིགས་ལ་ཆེས་མཐོང་དང་། འཕེལ་རྒྱས་ལ་སྐུལ་འདེད་ཆེད། དམིགས་བསལ་བོད་ཀྱི་གློག་བརྙན་སྐོར་ལ་ལེ་ཚན་ཞིག་ཟུར་དུ་བཏོན་ནས་<<དབང་གྲགས་ཀྱི་ཆུ་ལྷམ་>>དང་<<གཙང་བོ་>>སོགས་ངོ་སྤྲོད་བྱས་ཡོད། པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་<<ཐར་ལོ་>>ནི་བོད་བརྙན་ཞིག་ཧྥ་རན་སིའི་གློག་བརྙན་ཁང་དུ་སླེབས་པ་ཐོག་མ་དང་། སྐབས་དེར་ཧྥ་རན་སིའི་གསར་ཤོག་དང་དུས་དེབ་སོགས་སུ་བརྙན་དཔྱད་ཀྱང་གང་མང་ཞིག་ཐོན་སྟབས། <<བོད་ཀྱི་ཡིག་ཟམ་>>གྱིས་ངོས་ནས་གློག་བརྙན་དེར་ཆེད་སྒྲིག་ལེ་ཚན་ཞིག་བསྒྲིགས་པ་ཡིན། ཆེད་སྒྲིག་ནང་པདྨ་ཚེ་བརྟན་ལ་གློག་བརྙན་དེ་སྐོར་གྱི་བཅར་འདྲི་(རྒན་ཆོས་ཉིས་དབང་མོས་)བྱས་པ་ཤིག་དང་། གློག་བརྙན་ཧྥ་རན་སིའི་ནང་ཚོང་འགྲེམས་བྱེད་མཁན་ཨེ་ཌི་གློག་བརྙན་ཚོང་འགྲེམ་ལས་ཁང་(ED Distribution)གི་འགན་འཛིན་ལ་བཅར་འདྲི་བྱས་པ་ཞིག ད་དུང་སྒྱུ་འཕྲུལ་གྱི་རི་མོ། དེ་བཞིན་སྐབས་དེར་གསར་ཤོག་དང་དུས་དེབ་ཁག་ནང་ཐོན་པའི་བརྙན་དཔྱད་ཁག་གི་གལ་ཆེའི་དུམ་ཚན་ཁག་བོད་བསྒྱུར་བྱས་པ་སོགས་བཀོད་ཡོད། དེ་མཚུངས་ཁོང་གི་གློག་བརྙན་<<ལག་དམར་>>ལ ཧྥ་ཡིག་ཆེད་སྒྲིག་དང་<<དབུགས་སྒང་>>བོད་ཡིག་ནང་ཆེད་སྒྲིག་ལེ་ཚན་བཀོད་དེ་ང་ཚོས་རང་ནུས་ཡོད་རྒུས་རིག་ཚན་འདིའི་གཟི་མདངས་སྟོན་ཅི་ནུས་བྱས་པ་ཡིན།
༢༠༡༩ ལོའི་ཕྱི་ཟླ་གཉིས་པའི་ནང་ཁོང་གི་གློག་བརྙན་<<ལག་དམར་>>ལ་ཧྥ་རན་སིའི་བེ་ཟོལ་རྒྱལ་སྤྱིའི་ཨེ་ཤ་ཡའི་གློག་བརྙན་དུས་སྟོན་(Festival International des Cinémas d’Asie de Vesoul)སྟེང་། གློག་བརྙན་རྩེ་ཕུད་ཀྱི་གསེར་གྱི་རྐང་འཁོར་གཟེངས་རྟགས་ཐོབ་ཅིང་། ཁོང་དུས་སྟོན་དེའི་སྐབས་རྗེས་མའི་དཔྱད་འདེམས་པའི་གྲས་སུ་འདེམས་ཐོན་བྱུང་། འདིའི་སྔོན་ཁོང་འདི་གར་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་སོགས་ཀྱི་སྟེང་ཐེངས་འགའ་ཤས་ལ་ཕེབས་འདུག་ནའང་། ཁོང་ནམ་ཡོང་མ་ཤེས་དང་ང་རང་ཡང་ལས་ཀ་སོགས་ཀྱི་དབང་གིས་ངེད་གཉིས་ཐུག་འཕྲད་བྱ་ཐུབ་མ་སོང་། ཉིན་དེར་ཁོང་ཧྥ་རན་སི་ནས་སྦེལ་ཇམ་དུ་ཕེབས་ཀྱི་ཡོད་སྟབས་ང་དང་གྲོགས་ཤེད་བུ་(བོན་རྒྱ་བསྟན་འཛིན་རབ་རྒྱས་)གཉིས་ཁོང་ལ་སྐྱེལ་མ་བྱེད་དུ་སོང་། ཁོང་སྡོད་སའི་མགྲོན་ཁང་གི་སྒོ་རྡུང་སྐབས་བུད་མེད་ཅིག་གིས་སྒོ་ཕྱེས་ནས་ཅུང་སྒུག་རོགས་ཟེར། སྐར་མ་གཉིས་གསུམ་ཞིག་གི་རྗེས་ནས་ཡང་བསྐྱར་སྒོ་ཕྱེ་ནས་ད་ནང་དུ་ཡོང་ན་འགྲིག་ཟེར། ངེད་གཉིས་ནང་དུ་འཛུལ་སྐབས་པདྨ་ཚེ་བརྟན་ལགས་ཀྱིས་སྟོད་གོས་གོན་བཞིན་འདུག་ལ། ཕན་ཚུན་བདེ་མོའི་ལག་འཇུ་རེ་བྱས་རྗེས་ཁོང་གིས་ད་གིན་ལུས་ལ་རྨ་སྨན་ཞིག་བྱུགས་ནས་ཟེར། ངས་ཁོང་ལ་དེ་སྔོན་གྱི་རྨ་དེ་ཡང་བསྐྱར་འཕར་བ་མ་རེད་དམ་ཞེས་འདྲི་སྐབས་ཁོང་གིས་‘‘འོ་ལེ་’’ཟེར། ད་ཐེངས་མཐོང་སྐབས་ཁོང་སྔོན་དང་མི་འདྲ་བར་ངོ་མདོག་ཇེ་ནག་དང་ལྟོས་ཚོད་ལ་གཟུགས་པོ་ཡང་ཇེ་ཐུང་ལ་ཕྱིན་ཡོད་པའི་ཚོར་སྣང་སྟེར། ད་གིན་བུད་མེད་དེ་ཁོང་གི་སྐུ་ཟླ་དང་ཐེངས་དེར་ཁོང་གི་བུ་ཡང་མཉམ་དུ་འདུག་ནའང་། ཤེད་བུ་ངེད་གཉིས་དེར་འབྱོར་སྐབས་བུ་ཕྱི་ལོགས་སུ་ཡུལ་བསྐོར་དུ་སོང་འདུག སྦེལ་ཇམ་དུ་འགྲོ་བར་དུས་ཚོད་ཁ་ཤས་ཡོད་སྟབས་ང་ཚོ་མཉམ་དུ་ཉིན་གུང་ཟ་མ་ཟ་བར་ཕྱིན་པ་ཡིན། ལམ་བར་ནས་ཁོང་ལ་ཡང་ནས་ཡང་དུ་གློ་ཟུག་མང་བོ་རྒྱག་གི་འདུག
ཐོག་མའི་ཆར་ཁོང་བཟའ་ཚོ་གཉིས་ཀྱི་འདོད་མོས་ང་ཚོ་ཐུག་པ་འཐུང་བར་སོང་ནའང་ཟ་ཁང་དེ་སྒོ་བརྒྱབས་འདུག་པས། མཐར་ཁོང་སྦེལ་ཇམ་དུ་འགྲོ་སའི་མེ་འཁོར་འབབ་ཚུགས་དང་ཐག་ཉེ་བོ་ཡོད་སྟབས། རྒྱ་གར་ཟ་མ་ཟ་བར་འགྲོ་རྒྱུའི་ཐག་བཅད། ལམ་བར་ནས་ངས་ཁོང་ལ་དེ་སྔ་ཨ་རིར་རྒྱུན་རིང་བཞུགས་པའི་རྗེས་སུ་ཕྱི་རྒྱལ་ལ་མང་བོ་འགྲོ་ཡོད་མེད་དྲིས་སྐབས། ཁོང་གིས་གཟུགས་པོའི་བདེ་ཐང་གི་དབང་གིས་ཡར་མར་མང་བོ་འགྲོ་མ་ཐུབ་པ་དང་། སྡོད་གནས་ཡང་པེ་ཅིན་ནས་ཟི་ལིང་དུ་གནས་སྤོ་བྱས་ཡོད་ཚུལ་བཤད་སོང་། ཟི་ལིང་གནམ་ཐང་གི་དོན་རྐྱེན་དེ་བྱུང་སྐབས་མི་མང་བོས་ཁོང་ལ་སེམས་ཁྲལ་བྱས་ཚུལ་དང་། ད་ལྟ་དོན་རྐྱེན་དེ་གང་འདྲ་ཆགས་ཡོད་ཁ་བརྡ་བྱེད་སྐབས། ཁོང་གིས་དེ་སྐོར་གྱི་བརྒྱུད་རིམ་མདོར་བསྡུས་ཤིག་བཤད་པ་དང་ལྷན། ‘‘དོན་དག་དེ་རྗེས་སུ་སྒེར་ངོས་ནས་འདུམ་འགྲིག་བྱས་པ་ཡིན་’’ཟེར། ཉིན་དེར་སྟབས་ཉེས་པ་ཞིག་ནི། ང་ཚོས་ཟ་མ་མངགས་ནས་ཚར་ཙམ་ཞིག་ལ། ནམ་རྒྱུན་ང་རང་ཞོར་ལས་ལ་འགྲོ་ས་ཞིག་ཡོད་པ་དེའི་ལས་གྲོགས་ཤིག་ན་བའི་དབང་གིས་ང་ཛ་དྲག་ངང་ལས་ཀ་ཡོང་དགོས་པའི་བརྡ་ལན་འབྱོར་སྟབས། ཁོང་ཚོའི་ལྷན་དུ་ཟ་མ་ཡང་ཟ་ཁོམ་མ་བྱུང་བར་འགྲོ་དགོས་བྱུང་། ང་འགྲོ་ཁར་ངེད་གཉིས་ཀྱིས་ལོ་མཇུག་ཏུ་ཁོང་རྒྱལ་སྤྱིའི་ཨེ་ཤ་ཡའི་གློག་བརྙན་དུས་སྟོན་གྱི་དཔྱད་འདེམས་པའི་ཕྱག་ལས་བསྒྲུབ་དུ་ཕེབས་སྐབས། རྒྱལ་ས་ཕ་རེ་སིའི་ཉེ་འཁྲིས་ཀྱི་གྲོང་ཚོའི(Montreuil)གློག་བརྙན་ཁང་དུ་ཁོང་གི་གློག་བརྙན་ལག་དམར་དང་། གློག་བརྙན་གསར་པ་དབུགས་སྒང་སྐོར་ལ་དཔྱད་གླེང་འདུ་འཛོམས་ཀྱི་ལས་རིམ་ཞིག་ཡོད་སྟབས། སྐབས་དེར་ཕྱི་ལོག་ནས་ཟ་ཁང་སོགས་མིན་པར་ངའི་ནང་ལ་ཕེབས་ནས་ལྷོད་ལྷོད་བྱ་རྒྱུ་བྱས། འོན་ཀྱང་། ལོ་མཇུག་ཏུ་ཁོང་མ་ཕེབས་པའི་ཉིན་གཉིས་ཀྱི་སྔོན་ལ་རྒྱ་ནད་(COVID-19)ཀྱི་དབང་གིས་ཁོང་གི་འགྲུལ་བཞུད་དེར་འགོག་རྐྱེན་ཐེབས། ཐེངས་འདི་ཁོང་ཧྥ་རན་སིར་ཕེབས་ཐེངས་མཐའ་མ་དང་། ངེད་གཉིས་ཀྱི་ཐུག་འཕྲད་དུས་ཆད་བཏབས་པ་ཡང་ཉེ་སྔོན་དཔར་དུ་བསྐྲུན་པའི་ཁོང་གི་སྒྲུང་དེབ་<<གཏམ་རྒྱུད་ཕྱེད་ཀ་ལས་བཤད་མ་ཚར་>>བའི་ལས་མཐའ་དེར་དེད།
ཁ་སྔོན་ཕྱི་ཚེས་བརྒྱད་ཉིན་ཁོང་གློ་བུར་དུ་སྐུ་ཚེའི་འཕེན་པ་རྫོགས་པ་ཐོས་སྐབས། ཅི་ཡིན་འདི་ཡིན་མེད་པར་མདང་རྒྱག་ཅིག་གི་ནང་ལྷུང་། དམ་པ་ཁོང་བོད་ཀྱི་གློག་བརྙན་ལས་རིགས་པ་ཞིག་དང་། ལྷག་པར་དུ་བོད་ཀྱི་གློག་བརྙན་གྱི་མི་རབས་དང་པོ་བའི་སྣེ་འཁྲིད་ཀྱི་དཔལ་འབར་ལྟ་བུ་ཞིག་ཡིན་པའི་ངོས་ནས། ང་ཚོས་མུ་མཐུད་ནས་ཁོང་དང་ཁོང་འདྲ་བ་དག་གི་གློག་བརྙན་བརྩམས་ཆོས་ཁག་ལ་ཆེ་མཐོང་ཕུལ་ནས་རྒྱབ་སྐྱོར་བྱེད་རྒྱུ་ཁ་ཚ་དགོས་གཏུགས་ཤིག་རེད་འདོད། དམ་པ་ཁོང་ང་ཚོ་དང་ཁ་བྲལ་ནས་སྔོན་དུ་ཕེབས་ཀྱང་། ཁོང་གི་བརྩམས་ཆོས་གསར་པ་<<གསའ་>>དང་<<སེང་སྤང་བཀྲ་>>གཉིས་ཀྱིས་ང་ཚོ་བསྙེགས་ནས་ཡོང་གི་ཡོད། དེ་བཞིན་ཁོང་གི་བུ་ཆུང་འཇིགས་མེད་འཕྲིན་ལས་དང་སློབ་བུའི་ཚོགས་ཀྱི་བརྩམས་ཆོས་གསར་བ་དག་གིས་ཀྱང་ང་ཚོ་བསྙེགས་ནས་ཡོང་གི་ཡོད། ད་དུང་བོད་ཀྱི་གློག་བརྙན་གྱི་མི་རབས་གཉིས་པ་དང་གསུམ་པ་ཚོས་ཀྱང་ང་ཚོ་བསྙེགས་ནས་ཡོང་གི་ཡོད།
སྤྱིར་བཏང་ཁོང་གི་གློག་བརྙན་རེ་རེ་བཞིན་བརྙན་དཔྱད་རེ་བྲིས་ཏེ། གློག་བརྙན་གྱི་བསམ་བློའི་ཟབ་ཚད་དང་སྒྱུ་རྩལ་མཚོན་ཐབས་རེ་རེ་དངའབྲེལ་་སྐྱེས་བུ་ཁོང་ལ་དྲན་གསོ་ཞིག་བྱས་ན། དེ་ནི་དྲན་པ་དོན་ལྡན་ཞིག་ཡིན་མོད། དེ་ལ་མ་མཐའ་ཡང་གློག་བརྙན་རེ་རེ་བཞིན་བསྐྱར་ལྟ་དང་བརྙན་དཔྱད་ཁག་ལའང་མིག་གཡེང་རེ་མ་བྱས་ན་ལོག་འགྲེལ་དུ་འགྱུར་ཉེན་ཆེ་བས། རེ་ཞིག་ལས་དེ་བཞག་ནས་སྐྱེས་བུ་ཁོང་དང་མི་སྒེར་ཕན་ཚུན་གྱི་འབྲེལ་བ་རྐྱང་བ་དྲན་ཐོར་བཀོད་ཡོད། ང་ལ་མཚོན་ན་འདི་དག་ཀྱང་བརྗེད་པར་མི་འོས་པའི་ངོས་ཤ་སྟག་ཡིན།
སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༠༥ ཚེས་ ༡༣ ཉིན།
གཅན་མེ་སྟག་གྲོངས་པའི་མྱ་ངན་གྱི་སྨུག་པ་མ་དྭངས་པའི་སྟེང་ལ་པདྨ་ཚེ་བརྟན་ཡང་གྲོངས་པའི་གནས་ཚུལ་འདིས། ངའི་སེམས་པ་ངལ་དུབ་སྟོང་གི་དོང་ཞབས་སུ་ལྷུང་སོང་། བཀུར་བར་འོས་པའི་མི་བོ་ཟུང་ལ་དགོངས་དག་ཞུ། ངས་ཁྱེད་ཟུང་རྗེས་དྲན་གྱི་ཉོག་ཅིག་གཡོ་བསམས་ནའང་ཇི་ལྟར་གཡོ་འདི་ལྟར་གཡོ་བའི་ངོས་འཛིན་ཞིག་མ་ཐོབ་པར་ལྷག་ཡོད། ལམ་དཀར། པད་མ་དཀར་པོས་རྗེས་སུ་འཛིན་པར་སྨོན།