འདི་ཕྱི་ལོ་༢༠༡༠ལོར་བྲིས་པའི་རྩོམ་རྙིང་ཞིག་ཡིན། སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་ཤག་སྐབས་དང་བོ་དང་། དུས་ཚོད་དེར་མཇུག་སྒྲིལ་ལ་ཉེ་བའི་ཁོང་གི་བཀའ་ཤག་སྐབས་གཉིས་པས་རྒྱ་ནག་གཞུང་ལ་བསྟུན་མཁས་ཀྱིས་ཞི་མོལ་གྱི་ཁོར་ཡུག་བསྐྲུན་པའི་སྲིད་བྱུས་མཐའ་ལྷུང་ཅན་ཞིག་བཟུང་ཞིང་། དེ་ལ་སྐབས་དེའི་ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་དེང་ཡུ་རོབ་སྤྱི་འཐུས་ལས་ཐོག་ཚྭ་ཁོ་བ་ཐུབ་བསྟན་རྒྱ་མཚོ་ལྟ་བུའི‘‘སྔོན་ཐོན་པ་’’དང་‘‘གདོང་མཆོང་བ་’’མང་བོ་ཞིག་སྔོན་དང་མདུན་ལ་མཆོང་ནས། ལས་འགུལ་ཁག་གི་སྐབས་སུ་བོད་དོན་རྒྱབ་སྐྱོར་བ་ཚོ་དང་རྒྱབ་འགལ་གྱི་བྱ་སྤྱོད་སྤེལ་ཡོད། སྣང་ཚུལ་དེ་ཧྥ་རན་སི་ཙམ་མིན་པར་ཨ་རི་དང་དབྱིན་ཡུལ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཚང་མའི་ནང་གཅིག་མཚུངས་ཀྱིས་བྱུང་ཡོད། འདི་བོད་པ་དང་བོད་དོན་རྒྱབ་སྐྱོར་བའི་དབར་ལས་འགུལ་མཉམ་ལས་མི་ཡོང་བ་དང་། ད་ལྟའི་ཆར་ལས་འགུལ་ཁག་གི་སྐབས་སུ་ཕྱི་མི་རྒྱབ་སྐྱོར་བ་ས་ཟད་རྡོ་ཐུག་གི་གནས་སྟངས་འདིའི་འབྱུང་རྩ་ཆགས་ཡོད། རྩོམ་ཡིག་འདི་ལོ་དེའི་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་དང་། ཡུ་རོབ་བོད་མིའི་ཚོགས་ཆེན་སྟེང་ཕེབས་པའི་རྒྱལ་ཁབ་ཁག་གི་བོད་རིགས་ཚོགས་པའི་ཚོགས་གཙོ་ཚོར་བཅར་འདྲི། ལྷག་པར་དུ་སྐབས་དེའི་སྦིར་སེལ་དོན་གཅོད་བཀྲ་ཤིས་དབང་འདུས་སོགས་ལ་གནས་སྟངས་རྒྱུས་ལོན་གྱི་གླེང་མོལ་བྱས་པའི་གྲུབ་དོན་ཁག་རྩོམ་གཞིར་བཟུང་ནས་བྲིས་པ་ཡིན། འདིར་ཉར་ཚགས་ཆེད་བསྐྱར་འགོད་བྱས་པ་ཙམ་ཡིན།
བཀླགས་གྲངས། 818
བོད་པ་ཚོར་ཆོས་ཕྱོགས་ནས་སྐྱབས་གནས་དཀོན་མཆོག་གསུམ་དང་། སྲིད་ཕྱོགས་ནས་སྐྱབས་གནས་དཀོན་མཆོག་གཅིག་ཡོད། སངས་རྒྱས་དང་ཆོས། དགེ་འདུན་གསུམ་ནི་ཆོས་ཕྱོགས་ཀྱི་དཀོན་མཆོག་གསུམ་དང་། ཁྱོད་ཚོ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནི་བོད་པའི་སྲིད་ཕྱོགས་ཀྱི་དཀོན་མཆོག་གཅིག་པུ་དེ་ཡིན། འདི་སྐུ་མདུན་གྱི་གསུང་ཚིག་ཇི་བཞིན་མིན་ནའང། ཁོང་གིས་དུས་རྒྱུན་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་བོད་ལ་སེམས་ཁུར་ཆེ་བའི་མགོ་སེར་ཚོར་མཇལ་འཕྲད་གནང་སྐབས་གསུང་མོལ་འདི་འདྲ་ཞིག་ཡང་སེར་གནང་གི་ཡོད་ལ། གསུང་མོལ་གནང་སྐབས་ཕྱག་གཉིས་ཐལ་མོ་སྦྱོར་བཞིན་པའང་ད་ལྟ་ད་དུང་ངའི་དྲན་ངོགས་ན་གསལ་བོར་འདུག
བོད་པའི་དཀའ་སྡུག་གི་ལོ་ཟླའི་ནང་། ང་ཚོའི་དཀོན་མཆོག་བཞི་བ་འདིས་བོད་མི་རིགས་འདི་བར་དོའི་འཕྲང་ལམ་ནས་ཐར་ལམ་དུ་བསྐྱལ་ཅིང་། ཐར་ལམ་ནས་གསོན་ལམ། གསོན་ལམ་ནས་མཐོ་སར་བསྐྱལ་ཏེ་དེང་སྐབས་ང་ཚོ་འཛམ་གླིང་གི་གཅེས་ཕྲུག་ནང་བཞིན་ཆགས་ཡོད། ང་ཚོའི་དཀོན་མཆོག་བཞི་བ་འདིས་བོད་མི་རིགས་དང་མཉམ་དུ་བོད་ཀྱི་གནད་དོན་ཡང་མི་སྒེར་གྱི་སེམས་ཁུར་ནས་ཁྱིམ་ཚང་གི་བདེ་དོན། དེ་ནས་གྲོང་གསེབ་དང་། གྲོང་ཁྱེར། རྒྱལ་ཁབ། རྒྱལ་སྤྱི། ད་ལྟ་ལྟོས་འཇོག་གི་སྒོ་ནས་འཛམ་གླིང་རང་བཞིན་གྱི་གནད་དོན་དུ་བསྒྱུར་ཡོད་ལ། ད་དུང་ང་ཚོའི་དཀོན་མཆོག་འདིས། བོད་ཀྱི་གནད་དོན་འདི་བཞིན་མི་སྒེར་ནས་ཚོགས་པ་དང་། དེ་ནས་གཞུང་འཛིན་ཚོགས་པ། ས་གནས་གྲོས་ཚོགས། རྒྱལ་ཁབ་ཀྱི་གྲོས་ཚོགས། སྲིད་འཛིན་ལས་ཁུངས། རྒྱལ་སྤྱིའི་ཚོགས་སྡེ། མཐར་གཏུགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཅོག་སྟེང་བར་དུ་བསྐྱལ་མྱོང་ཡོད། ང་ཚོའི་དཀོན་མཆོག་འདི་མནའ་འབྲེལ་མཐུན་ཚོགས་དང་རྒྱལ་ཁབ་ཀྱི་གྲོས་ཚོགས། ས་གནས་སྲིད་གཞུང་དང་རྒྱལ་སྤྱིའི་རོགས་ཚོགས། ས་ཁུལ་དང་མི་ཚང་། དེ་བཞིན་མི་སྒེར་གྱི་ངོ་བོར་སྤྲུལ་ཡོད་པ་བཞིན། འདིའི་བྱིན་རླབས་ཡང་བཙན་བྱོལ་བོད་མིའི་བཀའ་ཤག་ནས་གྲོས་ཚོགས། དེ་ནས་ལས་ཁུངས་མ་ལག གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ། སློབ་གྲྭ་དང་གཞིས་ཆགས། ཁྱིམ་ཚང་དང་མི་སྒེར་སོགས་ཀྱི་ཤེས་ཡོན་དང་སློབ་གསོ། འཕྲོད་བསྟེན་དང་འཚོ་གནས་སོགས་ཀྱི་བར་ཁྱབ་མྱོང་ཡོད་པ་མ་ཟད། ད་དུང་མུ་མཐུད་ནས་བྱིན་རླབས་ཀྱི་གྲུ་ཆར་དེ་འབད་མེད་དུ་འབེབ་བཞིན་ཡོད། བོད་ནང་དོན་རྐྱེན་རེ་བྱུང་སྐབས་དང། བོད་པར་དཀའ་ངལ་རེ་འཕྲད་སྐབས་ཀྱང་། བོད་ལ་བྱིན་རླབས་ཀྱི་མཐུ་སྟོབས་མྱུར་ཤོས་ཡང་ང་ཚོའི་དཀོན་མཆོག་བཞི་བ་འདི་ཡིན།
དུས་རབས་ཀྱིས་ཡིན་ནམ། དུས་ཚོད་ཀྱིས་ཡིན། ཡང་ན་ངེས་ཤེས་དང་རྟོགས་སད་ཀྱིས་ཡིན། དེ་མིན་ན་འགྲན་རྩོད་དང་རང་རློམ་གྱིས་ཡིན། གཅིག་བྱས་ན་ཕན་མེད་ཀྱིས་ཡིན་སྲིད། གང་ལྟར་འདས་པའི་ལོ་ཤས་རིང་ནི་བོད་པ་དང་བོད་པའི་དཀོན་མཆོག་བཞི་བའི་བར་དད་པ་དམ་ཚིག་མི་གཙང་བའི་དུས་སྐབས་ཤིག་ཏུ་འཁེལ་ཞིང་། དེ་ལ་བརྟེན་ནས་དཀོན་མཆོག་གིས་དཀོན་མཆོག་གི་ས་ནས་འཁང་ར་ཞིག་འདོན་གྱིན་ཡོད་ལ། དད་ལྡན་པ་ཚོས་དད་ལྡན་པའི་ས་ནས་སྡུག་ཡུས་རེ་འདོན་བཞིན་ཡོད། དཀོན་མཆོག་གི་འཁང་ར་ལ་གཏིང་མཐའ་ཟབ་ཅིང་། དད་ལྡན་བོད་མིའི་སྡུག་ཡུལ་ལ་རྣམ་གྲངས་མང་། འོན་ཀྱང་འཁང་ར་དང་སྡུག་ཡུས་དེ་དག་མདོར་དྲིལ་ཐུབ་ན་ལས་སླ་བོ་ཞིག་སྟེ། དཀོན་མཆོག་གི་དཀའ་ངལ་ནི་མཉམ་རུབ་ཡིན་ཞིང་། དད་ལྡན་བོད་མིའི་དཀའ་ངལ་ནི་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་ཆགས་ཡོད།
དཀོན་མཆོག་དང་ང་ཚོའི་བར་གྱི་དད་པ་དམ་ཚིག་ལ་གས་ཆག་ཤོར་བ་དུས་རབས་ཀྱིས་ཡིན་ནམ། དུས་ཚོད་ཀྱིས་ཡིན། ངེས་ཤེས་ཀྱིས་ཡིན་ནམ། རྟོག་སད་ཀྱིས་ཡིན། ཡང་ན། འགྲན་རྩོད་དང་རང་རློམ། དེ་མིན་ན་ཕན་མེད་དམ་མཁོ་མེད་ཀྱིས་ཡིན། ཡང་སྙིང་དཀོན་མཆོག་གི་མཉམ་རུབ་དེ་གང་ལ་ངོས་འཛིན་བྱ་དགོས། བོད་མི་ཚོས་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་ཟེར་བ་དེའི་ཤུགས་བསྟན་གང་ཡིན་ནམ།
ཉི་མ་འདི་ཚོར། ངའི་གཟབ་ཉན་ལ་ཚ་འཁྲུལ་བྱུང་མེད་ན། དཀོན་མཆོག་གིས་མཉམ་རུབ་ཡོང་གི་མི་འདུག་ཟེར་བ་དང་། བོད་མི་ཚོས་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་ཡག་པོ་མི་འདུག་ཟེར་བ་འདི་གཉིས་མཐར་གཏུགས་ན་དོན་གྱི་འབབ་ས་གཅིག་རང་གཅིག་རེད། མཉམ་རུབ་ག་རེ་བྱས་ནས་མ་ཡོང་བ་ཡིན། ཆབ་སྲིད་ལ་ལྟ་བ་དང་ལངས་ཕྱོགས་ཡག་མིན་གྱི་སྐད་ཆ་འདི་གང་ནས་བྱུང་བ་ཡིན། ངའི་བསམ་པར། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་ཤག་སྐབས་དང་པོ་དང་། ད་ལྟ་མཇུག་སྒྲིལ་ལ་ཉེ་བའི་ཁོང་གི་བཀའ་ཤག་སྐབས་གཉིས་པ་ནི་དཀའ་ངལ་འདིའི་འབྱུང་རྩ་ཆགས་ཡོད་སྙམ།
ཕྱི་ལོ་ཉིས་སྟོང་གཉིས་ནས་བཟུང་། ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་ཤག་སྐབས་དང་པོས་བོད་པ་ཚོས་རང་བཙན་རྩོད་གི་མེད་པ་དངོས་སུ་བསྒྲགས་ཤིང་། དེར་མཐུད་ནས་ཞི་མོལ་ལ་ཁོར་ཡུག་བསྐྲུན་སླད་ལས་འགུལ་འདི་དང་དེ་མ་སྤེལ་ཞེས་འབོད་སྐུལ་ཀྱང་རབས་དང་རིམ་པར་ཞུས། ཁོར་ཡུག་ལ་བསྟུན་ཐལ་ཆེ་བའི་དབང་གིས་དེ་སྔ་བཙན་བྱོལ་ནང་རྒྱུགས་ཆེ་བའི་མིང་ཚིག་གང་མང་ཞིག་ཀྱང་གཏམ་བཤད་དང་གསུང་འཕྲིན་ལས་ཡལ་མགོ་ཚུགས། གསར་དུ་བཙུགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འགའ་ཤས་ལས། དེ་སྔའི་ཚོགས་པ་རྙིང་བ་རྣམས་གྱི་ལྟ་བ་དང་ལངས་ཕྱོགས་ནི་རང་བཙན་ཡིན་ལ། འདས་པའི་བྱུང་རབས་ནས་ད་ལྟ་ལ་ཐུག་གི་བར་དུ་དེ་དག་གི་ལས་འགུལ་གཙོ་བོ་ཡང་རང་བཙན་གྱི་སྒང་སྤེལ་ཡོད། རྒྱལ་སྤྱིའི་སྟེང་ཁྱབ་པའི་འབོད་ཚིག་སྟེ། བོད་རང་བཙན་དང་། རྒྱ་མི་བོད་ནས་ཕྱིར་རྒྱུགས་ཤིག་ཅེས་པའི་རྒྱབ་ལྗོངས་ཀྱང་དེ་ནས་བྱུང་བ་ཡིན། དུས་ཐུང་ཞིག་གི་ནང་བཀའ་ཤག་གིས་ཆེས་ཛ་དྲག་གི་སྲིད་བྱུས་ཤིག་གཏན་ལ་ཕབ་ནས་ཕྱག་བསྟར་གནང་སྐབས། བོད་དོན་རྒྱབ་སྐྱོར་ཚོགས་པ་གང་མང་ཞིག་ལ་བསམ་ཚུལ་བྱུང་ཞིང་། གང་མང་ཞིག་ལ་བློ་ཕམ། འགའ་ཤས་ནི་ལས་འགུལ་ལས་ཕྱིར་འཐེན། འགའ་ཤས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་རང་འགུལ་གྱིས་ཕྱིར་འབུད་ཀྱང་བྱས་ཡོད། འཆར་ཅན་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དང་། རྒྱལ་ཁབ་ནང་ཁུལ་དང་ས་གནས་ཁག་གི་ཚོགས་ཆེན་ཀྱང་རིམ་བཞིན་ཚོགས་མཚམས་ཆད། དུས་ཚོད་དེའི་རིང་། བཀའ་ཤག་གིས་མུ་མཐུད་ནས་སྲིད་བྱུས་གསར་པ་དེ་རྒྱུན་འཁྱོངས་གནང་། མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་བསམ་ཚུལ་དང། བློ་ཕམ་སོགས་སྣང་མེད་དུ་བཞག དུས་ཚོད་དེའི་ནང་། བོད་པ་དང་བོད་པའི་དཀོན་མཆོག་བཞི་བའི་བར་ལས་འགུལ་མཉམ་རུབ་ཅིག་ཁྱོན་ནས་མ་ཡོང་།
བཀའ་ཤག་གིས་ཞི་མོལ་ལ་ཁོར་ཡུག་བསྐྲུན་པའི་ཞོར་དུ་ལམ་དབུ་མའི་ཆེ་བ་བརྗོད་མགོ་ཚུགས།ཚང་མས་མཁྱེན་གསལ་ལྟར་འདིའི་གྲུབ་འབྲས་མི་གླེང་། དེ་སྔ་བསྟན་དགྲ་རྒྱ་དམར་ཞེས་པ་རྩ་དོན་ལ་བཞག་པའི་བོད་པའི་ཚོགས་སྐྱིད་གང་མང་ཞིག་ཀྱང་རིམ་བཞིན་རང་བཙན་ནས་རང་སྐྱོང་ངམ་ལམ་དབུ་མར་ཞུགས་མགོ་ཚུགས། ཤུལ་དུ་རང་བཙན་རྩོད་མཁན་གྱི་ཚོགས་པ་གཅིག་གཉིས་ཤིག་དང་མི་སྒེར་རེ་ཟུང་ལས་མ་ལྷག འདིའང་གྲུབ་འབྲས་ཀྱི་ཁོངས་སུ་བཞག་ཆོག འོན་ཀྱང་གྲུབ་འབྲས་དེའི་རྒྱབ་ལོགས་ནས་ཤུགས་རྐྱེན་དང་བག་ཆགས་ངན་པ་ཞིག་སྟེ། ད་ལྟའི་ཆར་བོད་པ་ཚོས་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་ལ་ཡག་ཉེས་ཀྱི་ས་མཚམས་ཤིག་བགར་བཞིན་པ་འདི་ཡིན་ལ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་མིན་ཡང་ལམ་དབུ་མར་རྒྱབ་སྐྱོར་ཡོད་མེད་ཀྱི་སྟེང་ནས་ཕྱེས་བཞིན་པ་འདི་ཡིན།
ཞི་མོལ་ཐེངས་དགུ་གནང་ཡང་རེ་རེ་བཞིན་ཕམ་ཉེས་བྱུང་ཞིང་། ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་དང་། པེ་ཅིན་ཨོ་ལིམ་པིག་དཔལ་འབར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བསྐོར་བསྐྱོད་སྐབས་ཀྱི་ངོ་རྒོལ་དེ་དག་གིས་བཀའ་ཤག་ལ་བསྐྱར་དུ་བསམ་གཞིགས་ཤིག་བྱིན། ངོ་རྒོལ་མཚམས་འཇོག་གི་འབོད་སྐུལ་དག་ཕྱིར་འཐེན་བྱས་ནས་ཡང་བསྐྱར་མཉམ་རུབ་ལ་ཐུགས་རེ་གནང་མགོ་ཚུགས། བརྒྱུད་ལམ་དང་འབྲེལ་ལམ་ཡོད་ཚད་སྤྱད་ནས་ང་ཚོའི་དཀོན་མཆོག་བཞི་བ་ལ་ཡང་བསྐྱར་བོད་འདི་ཐུགས་ཀྱི་དཀྱིལ་འཁོར་ནས་མ་འདོར་རོགས་ཟེར། ཚོགས་འདུ་བསྐངས་ནས་ལས་འགུལ་ལ་མཉམ་རུབ་གནང་རོགས་ཟེར། དཀོན་མཆོག་གིས་མཉམ་རུབ་ཡོང་གི་མི་འདུག་ཟེར་ཞིང་། བོད་པ་ཚོས་མཉམ་རུབ་བྱེད་པར་དཀོན་མཆོག་གི་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་ཡག་པོ་མི་འདུག་ཟེར། འདི་དཀོན་མཆོག་དང་ང་ཚོའི་བར་གྱི་དད་པ་དམ་ཚིག་ལ་གས་ཆག་ཤོར་སྟངས་དེ་ཡིན། འདི་ལ་དུས་རབས་དང་དུས་ཚོད་ཀྱི་རྒྱབ་ལྗོངས་ཡོད་ལ། བོད་པ་ཚོསརང་གི་མངོན་འདོད་ལ་རྟོགས་སད་དང་ངེས་ཤེས་གསར་པ་ཞིག་རྙེད་པའི་གདེང་ཚོད་ཀྱི་ཆའང་འདྲེས། ད་དུང་འགྲན་རྩོད་དང་རང་རློམ། མཚམས་ལ་ལར་དཀོན་མཆོག་དེ་ཕན་མེད་དམ་མཁོ་མེད་ལྟ་བུའི་འདུ་ཤེས་སྐྱེས་མྱོང་བའི་ཆ་ཡང་འདྲེས་ཡོད།
འདི་ལྟར་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་གཉིས་ཀ་ང་ཚོའི་དཀོན་མཆོག་དང་བཤད་ཚེགས་གཏམ་ཚེགས་ཀྱི་བརྒྱུད་རིམ་ནང་མཇུག་སྒྲིལ་ལ་ཉེ་ཞིང་། ད་ལྟ་བོད་མི་ཚོས་ཚ་ཚ་འུར་འུར་དུ་གླེང་ཞིང་འདེམས་བཞིན་པའི་བཀའ་ཁྲི་གསར་པ་དེས་དཀོན་མཆོག་དང་དད་ལྡན་པའི་མཆོད་ཡོན་གྱི་འབྲེལ་བ་དེ་འདི་ལྟར་མུ་མཐུད་ནས་དུས་རབས་དང་དུས་ཚོད། ངེས་ཤེས་དང་རྟོགས་སད། འགྲན་རྩོད་དང་རང་རློམ། ཡང་ན་ཕན་མེད་དམ་མཁོ་མེད་ཀྱིས་བསྐྱེལ་རྒྱུ་ཡིན་ནམ། ཡང་ན་འདི་ལ་གསར་དུ་རྒྱུན་བསྲིངས་དང་གཏན་འཇགས་རང་བཞིན་གྱི་འབྲེལ་ལམ་ཞིག་འཛུགས་རྒྱུ་ཡིན། གང་ལྟར་ཀྱང་ད་ལྟའི་བཀའ་ཤག་གིས་མཉམ་རུབ་ཡོང་ཐབས་ལ་སྨན་པའི་དོན་ཚན་དྲུག་ཅན་གྱི་ལམ་སྟོན་ཡིག་ཆ་ཞིག་བཀྲམས་ཀྱང་། དེས་ནི་མཚན་རིང་སྒྲུང་གིས་མི་འཁྱོལ་བ་ཁོ་ཐག་ཆོད་ཡོད།