ཁ་སང་དེ་རིང་ངྷ་སར་བྱུང་བཞིན་པའི་གནད་དོན་འདི། ཕར་ལྟོས་ཚོད་ལ་མི་མང་གིས་ཁྲིམས་ཞིབ་ཁང་བསྐྱར་གསོ་ཆེད་རེ་འབོད་ཞུ་གཏུགས་བྱེད་བཞིན་པའི་སྲོལ་འདྲ་ཞིག་དང་། སྤྱི་འཐུས་ཚོས་རང་གི་ཚེ་སྲོག་ལ་འགན་སྲུང་ཆེད་གྲོས་ཚོགས་སུ་ཕེབས་མི་ཐུབ་པའི་དཀའ་ངལ་འཕྲད་ཡོད་པའི་སྲོལ་འདྲ་སྟོན་བཞིན་ཡོད་ནའང་། ཕྱོགས་གཉིས་ཀས་ཕུགས་ལ་རང་ཕྱོགས་ཀྱི་ཁེ་ཕན་རེ་ཉར་ནས་ཞྭ་མོ་སྐོན་རེས་བྱེད་བཞིན་པ་ལས། གཞུང་དང་དམངས། རྩ་དོན་དང་འཐབ་རྩོད་ལ་འགན་འཁུར་གྱི་མེད་པ་ཟུར་བལྟས་ལེབ་མཐོང་ཡིན། ཕྱོགསས་གཅིག་གིས་༧གོང་ས་མཆོག་གི་སྐུ་ཚེ་ཧྲིལ་བོའི་སྐུ་ངལ་གླེང་ནས་ཤ་ཚ་མདོག་དང་། ཕྱོགས་གཞན་དེས་༧གོང་ས་མཆོག་གི་དགུང་ལོ་བགྲངས་ནས་སེམས་ཁྲལ་ཆེ་མདོག་སྟོན་བཞིན་པ་ཡང་། མཐར་གཏུགས་ན་རང་གི་ཕྱོགས་གཏོགས་ཀྱི་དབང་རྩོད་ཁེ་ཕན་ལ་རྒྱལ་ཁ་ཐོབ་ཆེད་དུ་འཁྲབ་བཞིན་པ་ཡང་ཁ་གདངས་ཁོག་གསལ་ཡིན།བོད་མིའི་འདི་ཕྱིའི་སྐྱབས་གནས་དང་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད། མི་རིགས་གསོན་གནས་དང་འཐབ་རྩོད་འཁོར་རྒྱུག་ཁྲོད་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ངོ་བར་བཞུགས་ཡོད་པའི་༧གོང་ས་མཆོག་ཀྱང་། རང་གི་ཁེ་ཕན་སྲུང་སྐྱོབ་ཀྱི་ཆེད་དུ་སྲིད་དོན་ལག་ཆར་བེད་སྤྱོད་བྱེད་བཞིན་པ་འདི། བཟང་སྤྱོད་རིག་གཞུང་མི་ཚེའི་སྙིང་བོར་འཛིན་པའི་མི་རིགས་ཤིག་ལ་མཚོན་ན། རིན་ཐང་ལྟ་ཚུལ་ལ་འདི་ལས་ལྷག་པའི་རུལ་ནས་སུངས་སྟངས་ཤིག་མེད། རུལ་སུངས་འདིའི་འབོམ་རྫས་་༢༠༡༦་ལོ་ནས་བཟུང་གས་འཐོར་བྱུང་མགོ་བཙུགས་ཤིང་། བྱས་པ་འདིའི་ཉེས་དམིགས་ཡོད་ཚད་བློ་བཟང་སངྒེ་དང་སྤེན་པ་ཚེ་རིང་གཉིས་དང་། ལོ་དེར་ཁོ་གཉིས་བརྩད་ནས་སྨྱོ་འཆོང་བྱེད་མཁན་གྱི་ཕྱོགས་གཏོགས་ཚོས་འཁུར་དགོས་པ་ཡིན། འདི་བཀྲུས་ཀྱང་འདག་ཐབས་མེད་པའི་ལོ་རྒྱུས་ཀྱི་བདེན་པ་གཅིག་བུ་དེ་ཡིན། (འདེིར་༢༠༢༡ ལོར་དེ་སྐོར་བྲིས་པའི་རྩོམ་རྙིང་ཞིག་བཀོད་ཡོད།)
བཀླགས་གྲངས། 1079
བཙན་བྱོལ་བོད་མིའི་”ཕྱོགས་འགལ་ཚོགས་པ་”གླེང་བ།
——— ཚང་མ་གཡས་དཀྱོགས་གཡོན་འཁྱོར་སྐབས། ཤེས་ཡོན་པས་ཁ་དྲང་བོར་གྲགས་དགོས།
སྔོན་གླེང་།
“ ...... ༢༠༡༦ ལོའི་འོས་བསྡུ་ཁྲོད་སྤེན་པ་ཚེ་རིང་སྐབས་དེའི་སྲིད་སྐྱོང་བློ་བཟང་སེང་གེའི་ཁ་གཏད་འོས་འགྲན་དུ་ལངས། བློ་བཟང་སེང་གེ་ནི་ཕྱི་ལོ་ ༢༠༡༡ ལོར་ཏཱ་ལའི་བླ་མ་སྲིད་དོན་བགྲས་ཡོལ་ལ་ཕེབས་རྗེས་ཀྱི་སྲིད་དབང་འཛིན་མཁན་དེ་ཡིན་ཞིང་། ཐེངས་དེའི་དངོས་གཞིའི་འོས་བསྡུ་སྐབས་སྤེན་པ་ཚེ་རིང་ཁ་གཏད་འོས་འགྲན་ལས་ཕམ།
དེ་ནས་བཟུང་། མི་བུ་འདི་གཉིས་ཀྱིས་མངོན་གསལ་དོད་པོའི་ཐོག་ཧ་ཅང་ཛ་དྲག་པའི་སྲིད་དབང་འཐབ་རྩོད་བྱེད་མགོ་བཙུགས། ༢༠༡༦ ལོར་སྤེན་པ་ཚེ་རིང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོས་ཤིང་། རྗེས་སུ་བཀའ་ཤག་གིས་ཁོའི་ལས་འགན་སྒྲུབ་མ་ཐུབ་པའི་<གསལ་བཤད་དོན་ཚན་བཅུ་>བཀྲམས་ནས་ཕོ་འགྱུར་བཏང་། སྤེན་པ་ཚེ་རིང་གིས་རང་ཉིད་ལ་མ་ཉེས་ཁ་གཡོགས་བྱས་ཚུལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་ཤིང་། ༢༠༡༩ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་བཏང་རྗེས་བཀའ་ཤག་གིས་”དགོངས་སེལ”ཞུས་དགོས་ཆགས་ཡོད། མིག་སྔར་ཕྱོགས་འགལ་ཚོགས་པ་མེད་ནའང་། སྲིད་དོན་གཡོ་སྐྱོམ་དེ་དག་གིས་བོད་ཀྱི་དམངས་གཙོ་ཆུང་ཆུང་དེར་དོ་ཕག་བཏང་ཞིང་། ཉེ་བའི་ལོ་འགའི་ནང་། སྤྱི་ཚོགས་ཐོག་སྤེན་པ་ཚེ་རིང་དང་བློ་བཟང་སེང་གེའི་ཕྱོགས་གཏོགས་གཉིས་བར་རེས་སུ་ཆད་པའི་རྣོ་ངར་ཅན་གྱི་འགལ་ཟླ་རིམ་པར་བྱུང་ཡོད།”
གོང་གསལ་གྱི་བརྗོད་དུམ་འདི་གཉིས་ནི། ད་ལོའི་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་སྤེན་པ་ཚེ་རིང་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་སྐབས། ཧྥ་རན་སིའི་<འཛམ་གླིང་>( Le Monde) གསར་ཤོག་གིས་སྤེལ་བའི་གནས་ཚུལ་ལས་མཚམས་བཤུས་བྱས་པ་ཡིན། སྐབས་དེར་འཛམ་གླིང་ཡུལ་གྲུ་དུ་མ་དང་སྐད་ཡིག་སྣ་མང་ནང་གནས་ཚུལ་ཐོན་ཡོད་ནའང་། བོད་པའི་སྤྱི་ཚོགས་གནད་དོན་དང་དམངས་གཙོའི་འོས་བསྡུ་ཐད་ཁ་གསལ་ཤོས་དང་འཐུས་ཚང་ཤོས་གསར་ཤོག་འདི་ཡིན་པར་འདོད་ལ། གསར་ཤོག་འདིས་གླེང་བའི་བོད་མིའི་དམངས་གཙོའི་འཕེལ་རིམ་དང་སྲིད་དོན་དཀའ་རྙོག་ནང་། ཕྱོགས་འགལ་ཚོགས་པ་མིན་པའི་”ཕྱོགས་གཏོགས་འགལ་ཟླ་”ལ་བོད་མི་ཚོས་དམིགས་བསལ་དོ་སྣང་བྱེད་དགོས་པར་སྙམ།
གཅིག སྲིད་དོན་མིན་པའི་”ཕྱོགས་འགལ་”ཚོགས་པ།
“དམངས་གཙོའི་རྒྱལ་ཁབ་གཞན་པ་ལྟར། འོས་བསྡུ་ནི་ནང་ཁུལ་ཁ་བྲལ་གྱི་འབྱུང་ཁུངས་ཆགས་སྲིད། འོན་ཀྱང་། ངས་ཁ་ཚོན་གཅོད་ཐུབ་པ་ཞིག་ནི། སྲིད་དོན་ཕྱོགས་འགལ་ཚོགས་པ་མེད་པའི་བོད་མི་ལ་མཚོན་ན། མི་སྒེར་གྱི་ཕྱོགས་གཏོགས་འགལ་ཟླ་གྲུབ་པའི་འགྲན་རྩོད་ནི་དམངས་གཙོའི་འཕེལ་རིམ་ཞིག་ཡིན་ཞིང་། དེས་མང་ཚོགས་ལ་དམངས་གཙོ་ཇི་འདྲ་ཞིག་ཡིན་པའི་གོ་བརྡ་སྤྲོད་ཐུབ་ཡོད།” ཟླ་ ༥ ཚེས་ ༡༤ ཉིན་གྱི་<འཛམ་གླིང་>གསར་ཤོག་གི་བཅར་འདྲི་ལ། འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ལྟར་ལན་འདེབས་བྱས་ཡོད། ད་བར་ང་ཚོས་དམངས་གཙོ་ལ་འགྲེལ་བརྗོད་བྱེད་སྐབས། གྲོས་ཚོགས་ནི་གཞུང་འཛིན་དང་ཕྱོགས་འགལ་གཉིས་ཀའི་ངོ་བོར་ཡོད་ཅིང་། དམངས་གཙོའི་འོས་བསྡུ་དང་དམངས་གཙོའི་འཛིན་སྐྱོང་སོགས་ལས་རིམ་དང་ལས་དོན་གང་ཡིན་ཡང་། ཕྱོགས་གཉིས་ལ་སྤྱི་སྙོམ་སྟངས་འཛིན་གྱི་འགན་ལེན་གྱི་ཡོད་ཚུལ་བཤད་ཅིང་། ལྷག་པར་བོད་པའི་དམངས་གཙོ་ནི་ཆིག་སྒྲིལ་རྨང་གཞིར་བཏིངས་ཡོད་སྟབས། ཕྱོགས་འགལ་ཚོགས་པ་ཡོད་པའི་”འགྲན་རྩོད་དམངས་གཙོ”ལྟ་བུ་མིན་པར་བཤད་པ་ནི་ད་བར་དུ་རྒྱུན་སྲོལ་ཞིག་ཆགས་ཡོད། ད་ལྟའི་ལས་ཐོག་སྲིད་སྐྱོང་མཆོག་གིས་ཉིན་དེར་བོད་པའི་དམངས་གཙོའི་གྲུབ་ཆའི་ནང་། མི་སྒེར་ཕྱོགས་གཏོགས་གྲུབ་ཡོད་པར་ངོས་ལེན་གནང་བ་དེ། ཕན་གནོད་ལ་མ་ལྟོས་པར་ལོ་རྒྱུས་ནང་ཐེངས་དང་བོ་ཆགས་ཡོད།
དམངས་གཙོའི་སྤྱི་ཚོགས་ནང་སྐབས་ཐོག་གི་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གང་ཡིན་རུང་། རང་རང་ལ་ཐུན་མིན་གྱི་སྲིད་དོན་དམིགས་ཡུལ་དང་དེའི་རིན་ཐང་ལྟ་ཚུལ། དེ་ལ་ཡང་དག་པའི་འདུ་ཤེས་འཛིན་སྟངས་སོགས་ཡོད་པ་མ་ཟད། རྒྱལ་ཁབ་འཛིན་སྐྱོང་དང་སྤྱི་ཚོགས་དོན་གནད་ཐད་ལ་རང་རང་གི་ཐུན་མིན་ལྟ་གྲུབ་ཡོད་ཅིང་། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་དང་ཆབ་སྲིད་སྟོབས་ཤུགས་རྒྱ་བསྐྱེད་ཆེད་རང་ཉིད་ཀྱི་ནུས་པ་འདོན་པའི་ཆོད་སེམས་བརྟན་པ་དེ་ཡིན། འདི་དག་སྲིད་དོན་ཚོགས་པ་ཞིག་གྲུབ་པའི་མ་མཐའི་ཆ་རྐྱེན་ཆགས་ཡོད། ༢༠༡༦ ལོ་ནས་བྱུང་བའི་‘‘སྤེན་པ་ཚེ་རིང་དང་བློ་བཟང་སེང་གེའི་ཕྱོགས་གཏོགས་’’གཉིས་ཀྱི་བར་ཏུ། སྲིད་དོན་དམིགས་ཡུལ་དང་དེའི་རིན་ཐང་ལྟ་ཚུལ། དེ་ལ་ཡང་དག་པའི་འདུ་ཤེས་འཛིན་སྟངས་སོགས་ལོགས་སུ་མེད་པ་མ་ཟད། བོད་པ་ནང་ཁུལ་གྱི་སྐད་ཆ་ཞིག་བཤད་ན། ཤེས་ཡོན་མཁྱེན་རྒྱ་དང་ཁེ་ཕན་དམིགས་ཡུལ་ཡོད་མཁན་འགའ་ཤས་ལས། ཁོ་ཚོའི་བར་ཕྱོགས་ལྷུང་དང་ཞེན་ཁོག འཐེན་འཁྱེར་དང་ཧོལ་རྒྱུག ཨུ་ཚུགས་དང་བླུན་རྟགས་ཙམ་ལས། ཕྱོགས་གཉིས་ཀའི་མི་མང་བོ་ཞིག་མཚོན་ན། དེ་དག་ཅི་ཞིག་ཡིན་མིན་ཡང་མི་ཤེས་པའི་ཚོད་ཡིན།
སྲིད་དོན་ཚོགས་པའི་གནས་བབ་གཏན་འཁེལ་ནི། ཐུན་མོང་གི་མོས་མཐུན་ཡོད་པའི་རྩ་དོན་དམིགས་བསལ་བ་གཞིར་རྩར་བཟུང་ནས། རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་མི་དམངས་མཐུན་སྒྲིལ་ཡོང་བར་འབད་བརྩོན་བྱེད་རྒྱུ་དེ་ཡིན་ཞིང་། ཚོགས་པའི་སྤྱི་ཡོངས་ཀྱི་སྲིད་བྱུས་དང་བྱེ་བྲག་གི་ཐབས་ཇུས་གང་ཡིན་ཡང་། གོང་འོག་ཚང་མས་རིན་ཐང་ལྟ་ཚུལ་གྱི་རྣམ་གཞག་རྨང་གཞིར་འཇོག་པ་དེ་ཡིན། བོད་ཀྱི་སྲིད་དོན་མིན་པའི་”ཕྱོགས་འགལ་ཚོགས་པ་”གཉིས་ཀྱིས། སྲིད་དབང་འཐབ་རྩོད་བྱེད་མཁན་གྱི་གང་ཟག་སྒེར་བ་གཉིས་ལ་འགན་བླངས་ནས། ཕན་ཚུན་བར་གཅིག་གིས་གཅིག་ལ་སྐྱོན་བརྗོད་དང་ཐེར་འདོན། ཉེས་འཛུགས་དང་དཀྲོགས་གཏམ། ངོ་རྒོལ་དང་འཇིགས་སྐུལ་སོགས། ཕན་ཚུན་མཐུན་སྒྲིལ་ལས་དགྲ་འཛིན་གྱི་འདུ་ཤེས་ཤུགས་ཆེ་བ་དེ་ཡིན། བོད་མིའི་བར་”མི་སྒེར་ཀྱི་ཕྱོགས་གཏོགས་འགལ་ཟླ་གྲུབ་པའི་འགྲན་རྩོད་དེ་དམངས་གཙོའི་འཕེལ་རིམ་”ཞིག་དང་། དེས་”མང་ཚོགས་ལ་དམངས་གཙོ་ཇི་འདྲ་ཡིན་མིན་གོ་བརྡ་སྤྲོད་ཐུབ་ཡོད་”མེད་ཅི་ལྟར་ཡང་། དུས་ཐུང་ལོ་ངོ་དྲུག་གི་ནང་ལ་ལོ་རྒན་དྲུག་ཅུའི་རིང་ཉིན་འབད་མཚན་འབུངས་གནང་བའི་”དམངས་གཙོ་སྦོ་ལུགས་”བཅུག་ཡོད་པ་འདི། དེ་རིང་ང་ཚོ་ཚང་མའི་མིག་མཐོང་ལག་ཟིན་དང་། དེ་ལ་ཀ་དང་ཁ་ཡི་དབྱེ་འབྱེད་མེད་པར། ཕྱོགས་གཉིས་ཀའི་བྱས་ཉེས་ལས་བྱུང་བའང་མིག་མཐོང་ལག་ཟིན་ཆགས་ཡོད། གཞུང་ལུགས་ལྟ་གྲུབ་ཀྱི་རྣམ་གཞག་ལྟར། དམངས་གཙོའི་སྤྱི་ཚོགས་ནང་སྲིད་དོན་ཚོགས་པ་ནི་”ཕྱོགས་འགལ”ཙམ་དང་། མི་སྒེར་ཕྱོགས་གཏོགས་ནི་སྲིད་དབང་འཐབ་རྩོད་དེ། མཐུར་གཏུགས་ན། ཕྱོགས་འགལ་ཙམ་མིན་པར་”ནང་འགལ་”ཆགས་ཡོད་པའང་ང་ཚོས་ར་སྤྲོད་བྱས་ཡོད།
གཉིས། ཁ་མཆུ་ཨང་ ༢༠ བ་དང་ཡིག་ཆ་ཨང་ ༣༩ བ།
འདས་པོ་ཅ་ཁུག་ཤེ་ར་ཁུག་(Jacques Chirac)ནི་ཧྥ་རན་སིའི་སྤྱི་མཐུན་ལྔ་བའི་སྲིད་འཛིན་རིམ་པ་ལྔ་བ་དེ་ཡིན་ཞིང་། སྤྱི་མཐུན་ལྔ་བ་དབུ་བརྙེས་བ་ནས་བཟུང་། ཧྥ་རན་སིའི་སྲིད་འཛིན་ཟུར་བ་ཞིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་བོ་དེ་ཡིན། ལྐོག་ཟ་རུལ་སུངས་དང་དབང་ཆ་སྒེར་སྤྱོད་ཀྱི་ཉེས་མིང་འོག ཁོང་ལ་ལོ་གཉིས་རིང་བཟང་བཙོན་གྱི་ཁྲིམས་ཆད་བཏང་ཡོད། ཁྲིམས་ཆད་ཕོག་མྱོང་མིན་ལ་མ་བལྟས་པར། ཁོང་འདས་གྲོངས་སུ་ཕྱིན་སྐབས། ཧྥ་རན་སིའི་གཞུང་དམངས་གཉིས་ཀས་ཁོང་ལ་སྲིད་འཛིན་གྱི་ཆེ་མཐོང་ཕུལ་ནས་རྒྱལ་ཁབ་ཀྱི་ཐོག་འདས་མཆོད་བསྒྲུབས་ཡོད། ནེ་ཁོ་ལ་སར་ཁོ་རྫེས་(Nicolas Sarkozy)ནི་སྲིད་འཛིན་རིམ་པ་དྲུག་པ་དེ་ཡིན་ཞིང་། ཁོང་ལའང་འདས་ལོར་དབང་ཆ་སྒེར་སྤྱོད་དང་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག ལོ་གཅིག་ལ་ནག་བཙོན་དང་ལོ་གཉིས་ལ་བཟང་བཙོན་སྟེ་སྔ་ཕྱི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད། ཁོས་མཐོ་རིམ་ཁྲིམས་ཁང་ལ་གོང་གཏུགས་བྱས་རྐྱེན་ད་ལྟ་ཁྲིམས་ཞིབ་བསྐྱར་མ་འགྲོ་བཞིན་ཡོད། དམངས་གཙོའི་རྒྱལ་ཁབ་དང་སྤྱི་ཚོགས་གང་ཡིན་ཡང་། མང་ཚོགས་དཀྱུས་མ་ལྟར་མཐོ་རིམ་མི་སྣ་སུ་ཡིན་ཡང་ཁྲིམས་འགལ་བྱས་ཡོད་ཚེ། དེ་ལ་ཁྲིམས་ཀྱི་ར་མདའ་དང་ཁྲིམས་ཀྱི་ཉེས་ཆད་འགེལ་བ་ནི་རྒྱུན་ལྡན་ཡིན་ཞིང་། ང་ཚོ་བོད་པ་ལྟར་དོན་དག་བྱུང་མ་བྱུང་ལ་”དགྲ་དགའ་གཉེན་སྡུག་”ལྟ་བུར་ངོས་འཛིན་ཁ་ཚོན་མི་གཅོད་པར། དེ་རྒྱལ་ཁབ་ཀྱི་ཆེ་མཐོང་དང་ཁྲིམས་ལུགས་ཀྱི་གཟི་བརྗིད་དུ་རྩིས་བཞིན་ཡོད།
“ཁ་མཆུ་ཨང་ ༢༠ བ་དེ་ཞུ་སྦྱོར་བ་ལ་རྒྱལ་ཁ་ཐོབ་སོང་། འདི་མདོར་བསྡུས་ན། ཁྲིམས་ཀྱི་རྒྱལ་ཁ་ཞིག་དང་། དམངས་གཙོའི་རྒྱལ་ཁ་ཞིག་རེད་ཅེས་ཞུ་འདོད་བྱུང་།” ཞེས་ཁ་མཆུ་མཇུག་སྒྲིལ་རྗེས་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་བཤད་ཡོད། ང་ཚོས་རྒྱལ་ཁབ་དང་རྩ་དོན། འཐབ་རྩོད་དང་དགོས་འདུན་སོགས་ཀྱི་ངོས་ནས་ཁ་མཆུ་འདི་ལ་བལྟས་ཡོད་ཚེ། དམངས་གཙོའི་རྒྱལ་ཁབ་དང་སྤྱི་ཚོགས་གཞན་པ་ལྟར། དེ་དམངས་གཙོའི་ཆེ་མཐོང་དང་ཁྲིམས་ལུགས་ཀྱི་གཟི་བརྗིད། ལོ་རྒྱུས་ནང་འགོད་འོས་པའི་”གསེར་མདོག་གི་བྱུང་རབས་”ཤིག་ཅི་ལ་མིན། འདི་ལྟ་བུའི་བྱུང་རབས་དེ་ད་ཐེངས་ཙམ་མིན་པར། དེ་སྔ་མི་ལོ་ཉི་ཤུའི་གོང་ལ་ཐེངས་གཅིག་བྱུང་མྱོང་ཡོད། ཕྱི་ལོ་ ༡༩༩༩ ལོར། ཞུ་སྦྱོར་བ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱིས། ལས་ཐོག་བཀའ་བློན་ཁྲི་བ་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ལ་མ་ཉེས་ཁ་གཡོགས་ཀྱི་ཁ་མཆུ་བཙུགས་ནས་རྒྱལ་ཁ་ཐོབ་ཡོད། ལོ་ཉི་ཤུའི་རྗེས་སྟེ། ཕྱི་ལོ་ ༢༠༡༩ ལོར། དོན་གཅོད་ཟུར་བ་སྤེན་པ་ཚེ་རིང་ལགས་ཀྱིས། ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེས་དབུ་འཁྲིད་པའི་བཀའ་ཤག་ལ་མ་ཉེས་ཁ་གཡོགས་ཀྱི་ཁ་མཆུ་བཙུགས་ནས་རྒྱལ་ཁ་ཐོབ་ཡོད། ཞུ་སྦྱོར་བ་ཟུར་བ་དང་ཁ་གཏད་མཐོ་རིམ་གཞུང་འཛིན། ཁྲིམས་གཏུགས་ཀྱི་ལོ་ཚིགས། ཁ་མཆུའི་ངོ་བོ། མཐའ་མའི་རྒྱལ་ཁ་སོགས་གང་ཐད་ནས་བལྟས་ཀྱང་། བཙན་བྱོལ་མིའི་དམངས་གཙོ་དང་ཁྲིམས་ལུགས་ཀྱི་ཆ་ནས་མཚོན་ན། མཚར་སྡུག་ལྡན་པའི་”ལྷ་སྒྲུང་”ལྟ་བུ་ཞིག་ཆགས་ཡོད། ལྷག་པར་དུ་ཁྲིམས་ལུགས་དབང་བསྒྱུར་གྱི་ཁོར་ཡུག་ནང་། མ་ཉེས་ཁ་གཡོགས་ནི་”གཉའ་གནོན་”དང་གོ་དོན་གཅིག་མཚུངས་ཡིན་སྟབས། བཙོན་བྱོལ་བོད་མིའི་མི་འབོར་ཉུང་ཉུང་དང་་”དམངས་གཙོ་ཆུང་ཆུང་”ཡིན་ཡང་། འཛམ་གླིང་མི་མང་ལ་ཁྲིམས་ཀྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་འོག་མེད་པའི་བདེན་དཔང་བྱས་ཡོད། འོན་ཀྱང་། བློ་བཟང་སེང་གེའི་ཕྱོགས་གཏོགས་ཀྱིས་རབས་དང་རིམ་པར་བྱས་ནས། དམངས་གཙོ་དང་ཁྲིམས་ལུགས་ཐད་ཀྱི་འོད་སྟོང་འབར་བའི་བྱུང་རབས་འདི། བོད་ཀྱི་ལོ་རྒྱུས་ཀྱི་འདམ་རྫོབ་ནང་གཡུགས་ཡོད།
ཉེ་སྔོན་གྲོས་ཚོགས་ནང་ཡིག་ཆ་ཨང་ ༣༩ བར་མང་མོས་འོས་ཐོབ་ཀྱིས། ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་”འཕོ་འགྱུར་གཏོང་”སྐབས། བློ་བཟང་སེང་གེའི་ཕྱོགས་གཏོགས་པ་ཚོས་”ཀི་སྭོ་”བཏབས་ནས་”ལྷ་རྒྱལ་”འཐེན་ཞིང་། བཀུར་འོས་སྤྱི་འཐུས་ཤིག་གིས་གྲོས་ཚོགས་ར་བ་རང་ནས་དེ་”རྣམ་སྨིན་”འཁོར་བའི་གཏམ་བཤད་གནང་ཡོད། ཁོ་ཚོས་ཁྲིམས་ཞིབ་ཁང་ལ་དེ་འདྲའི་”སྡང་སེམས་”ཤིག་འཛིན་དོན་ནི། ཁ་མཆུ་ཨང་ ༢༠ བའི་གནད་དོན་དང་འབྲེལ་ཡོད། ཁ་མཆུའི་སྔ་གཞུག་གང་དུ་ཡང་། བཀའ་ཤག་གིས་རྒྱལ་ཁབ་དང་དམངས་གཙོ། ཁྲིམས་ལུགས། དྲང་བདེན་བཅས་ཀྱི་རིན་ཐང་དང་ཆེ་མཐོང་། གཟི་བརྗིད། འདུ་ཤེས་སོགས་ཟུར་དུ་བཅད་ནས། ཁ་མཆུའི་ཐོབ་ཤོར་དེ”དགྲ་དགའ་གཉེན་སྡུག་”དང་”ཁྲིམས་ཞིབ་པ་དྲང་མིན”བྱུང་བའི་གཏམ་སྤྱོད་སྤེལ་བས། བློ་བཟང་སེང་གེའི་ཕྱོགས་གཏོགས་པ་ཚོའི་མིག་ལམ་ནས་རྒྱལ་ཁབ་དང་དམངས་གཙོ། ཁྲིམས་ལུགས་སོགས་ཀྱི་རིན་ཐང་བོར་བརླག་ཏུ་ཕྱིན། དེ་དང་ཕྱོགས་མཚུངས། སྤེན་པ་ཚེ་རིང་ཕྱོགས་གཏོགས་པ་ཚོས་ཀྱང་། ཁ་མཆུ་ཨང་ ༢༠ བའི་རྒྱལ་ཕམ་ནི། ཕྱོགས་གཏོགས་འགལ་ཟླའི་བར་ཐོབ་ཤོར་ཞིག་ལ་ངོས་འཛིན་གྱིས་དགའ་བ་དག་སྤོབས་པས་ཁེངས་ཡོད། བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་བར་གྱི་”དབང་རྩོད་འགལ་ཟླ”དང་། ཕྱོགས་གཏོགས་བར་གྱི་འགྲན་རྩོད་འགལ་ཟླ་འདི་ལྟ་བུ་ནི། སྲིད་དོན་ཚོགས་པའི་འགྲན་རྩོད་རྒོད་པའི་དམངས་གཙོའི་རྒྱལ་ཁབ་དང་སྤྱི་ཚོགས་ནང་ཡོང་མི་སྲིད་པ་ཞིག་ཡིན།
གསུམ། རྒན་པའི་ཇུས་གཏོགས།
རྒན་པའི་ཆབ་སྲིད་(Gerontocracy / 老人政治)ནི་སྲིད་དོན་རིག་པའི་བརྡ་ཆད་ཅིག་ཡིན། རྒྱལ་ཁབ་དང་སྲིད་དོན་སྡེ་ཁག་གི་གནད་ཡོད་འགོ་ཁྲིད་ཚོའི་ལོ་ཚོད་དར་མ་ལས་ཆེས་ཆེར་བརྒལ་བའམ། ཡང་ན། དབུ་ཁྲིད་རྒན་པ་དེ་དག་གི་ལྟ་བ་རྙིང་ཞིང་བསམ་བློ་མཁྲེག་པོ་ཡིན་པར་གོ་བ་ཡིན། རྒན་པ་རིང་ལུགས་ཀྱི་དགེ་མཚན་ནི་རྒྱལ་ཁབ་དང་ཆབ་སྲིད། བཟོ་ཚོང་ཚོགས་སྡེ་སོགས་གང་ཡིན་རུང་། དེའི་འཛིན་སྐྱོང་ཧ་ཅང་གི་བརྟན་ལྷིང་ཡིན་པ་དེ་ཡིན། ལྡོག་ཕྱོགས་ཀྱི་སྐྱོན་ཆ་ནི། དུས་དང་འཚམ་པའི་བཅོས་སྒྱུར་དང་ལེན་མི་བྱེད་པར། ལོ་གཞོན་ཚོའི་ཆབ་སྲིད་སྟོབས་ཤུགས་དམར་གསོད་གཏོང་བའམ། ལྷག་པར་དུ་རྒན་རབས་རིང་ལུགས་ཀྱི་ཐལ་སྤྱོད་ཆེ་བའི་ཆབ་སྲིད་ནི། གནད་ཡོད་འགོ་ཁྲིད་ཀྱི་ལས་གནས་ནས་བགྲེས་ཡོལ་དུ་སོང་ནའང་། མུ་མཐུད་མངོན་ལྐོག་གང་རུང་ནས་རང་གི་དབང་ཆ་དང་ཤུགས་རྐྱེན་རྒྱུན་སྐྱོང་དང་རྒྱ་སྐྱེད་དུ་གཏོང་བ་དེ་ཡིན། འདི་ལ་”རྒན་པའི་ཇུས་གཏོགས་”ཞེས་ཀྱང་བརྡ་ཆད་སྦྱར་ཡོད།
གནད་ཡོད་འགོ་ཁྲིད་ཚོའི་ལོ་ཚོད་དར་མ་ལས་ཆེས་ཆེར་བརྒལ་བའི་རྒན་པའི་ཆབ་སྲིད་ནི། ལམ་ལུགས་ཀྱི་ཁྱད་པར་ལ་མ་ལྟོས་པར་རྒྱལ་ཁབ་མང་བོའི་ནང་ཡོད། ཨ་རིའི་སྲིད་འཛིན་ཟུར་བ་ཌོ་ནཱ་ཁྲོམ་(Donald Trump)དང་ལས་ཐོག་སྲིད་འཛིན་ཇཱོ་བྷ་ཊན་(Joe Biden)ཡང་དེའི་ཁོངས་སུ་འདུས་པ་ཡིན། ལྟ་བ་དང་བསམ་བློ་རྙིང་བའམ། དབང་ཆ་དང་ཤུགས་རྐྱེན་རྒྱུན་འཁྱོངས་རྒྱ་སྐྱེད་ཀྱི་རྒན་པའི་ཇུས་གཏོགས་ནི། གནའ་བོའི་རྒི་རེ་སིའི་(Ancient Greece )དུས་ནས་བྱུང་ཞིང་། ཕུ་ལ་ཊོས་(Plato)<>བློས་བསླངས་བྱེད་སྐབས།“རྒན་པས་དབང་བསྒྱུར་མངའ་བདག་བྱེད་ཅིང་། གཞོན་པས་གུས་བརྩི་དང་ལེན་བསྟེན་དགོས་”པའི་ལྟ་གྲུབ་གསལ་འདོན་བྱས་ཡོད། དེང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཕལ་ཆེ་བས་སྲོལ་རྒྱུན་འདི་ལག་བསྟར་བྱེད་ཀྱིན་ཡོད་ལ། ཞི་ཅིན་ཕིན་(习进平)རྒྱལ་ཁབ་ཀྱི་གཙོ་འཛིན་ལ་མ་སླེབས་པའི་སྔོན་དུ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་མའོ་ཙེ་ཏུང་(毛泽东)ནས་འགོ་བཙུགས་ཏེ་སྲོལ་རྒྱུན་འདི་བསྐྱངས་ཡོད། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིར་མཚོན་ན། ལོ་ཚོད་ཀྱི་ཆ་ནས། ༢༠༡༡ ལོར་སྲིད་སྐྱོང་ཟུར་བ་བློ་བཟང་སེང་གེ་ལགས་བཀའ་ཁྲིར་འོས་འདེམས་མ་བྱུང་བའི་སྔོན་ལ་རྒན་པའི་ཆབ་སྲིད་ཀྱི་དབང་བསྒྱུར་འོག་ཡོད་ཅིང་། ཉེ་དུས་ཀྱི་རྒན་པའི་ཇུས་གཏོགས་ཀྱི་ཚབ་མཚོན་མི་སྣ་གསུམ་ནི། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ། མཁས་དབང་ཟམ་གདོང་རིན་པོ་ཆེ་བཅས་ཡིན་པར་འདོད། དུས་ཡུན་རིང་བོའི་ནང་། ཁོང་རྣམ་པས་བཙན་བྱོལ་ནང་རྒྱ་ནག་གི་<>ལྟ་བུའི་རྣམ་ཐར་བསྐྱངས་ཡོད།
“བློ་བཟང་སེང་གེ་ཨ་རི་ཧར་ཝཊ་ནས་ཐོན། དེང་དུས་ཀྱི་སློབ་སྦྱོང་བྱས། དང་པོ་འཇམ་པོ་དང་ཡག་པོ་བྱས་སོང་། ངས་དང་ཐོག་ཡག་པོ་ཡོང་གི་རེད་བསམ་རེ་བ་ཆེན་པོ་བྱས་པ་ཡིན། ད་ཆ་ཧམ་པ་ཚ་རུ་ཚ་རུ། ཧམ་པ་མཉམ་དུ་སྐྱག་བརྫུན་ཡང་ཡོང་གི་རེད།”*༡ ༢༠༡༦ ལོའི་སྤེན་སེང་བར་གྱི་དབང་རྩོད་འོས་བསྡུ་མཇུག་སྒྲིལ་རྗེས། ཟམ་གདོང་རིན་པོ་ཆེས་སྣེ་ཁྲིད་པའི་ངྷ་སར་གནས་བཞུགས་བཀའ་ཟུར་ཚོ་གཟིམ་ཆུང་མཇལ་བཅར་སྐབས་༧གོང་ས་མཆོག་གིས་གོང་གསལ་བཀའ་སློབ་དེ་ཕེབས་ཡོད། སྐབས་དེར་བཀའ་ཟུར་ཚོས་སྙན་ཞུ་དོན་ཚན་དུ་མ་ཡོད་པ་ཞིག་ཕུལ་འདུག་ནའང་། ད་བར་ཡོངས་ཁྱབ་ཀྱི་མཐོང་ལམ་དུ་མངོན་མྱོང་མེད། འོན་ཀྱང་། བཀའ་སློབ་དེ་སྤྱི་ཚོགས་ནང་ཡོངས་ཁྱབ་མིན་པའི་”ཡོངས་ཁྱབ་”ཐོག་བཀྲམས་ཡོད། ཉིན་དེར་༧གོང་ས་མཆོག་གིས་”བར་ལམ་འོས་བསྡུའི་ཐད་ལའང་ཤོག་ཕྱོགས་འཐེན་བྱས། ངའི་འཁྲིས་དེར་ཡོད་མཁན་ཚོས་བྱེད་སྟངས་འདི་འདྲ་བྱས་ཡོང་དུས་བློ་ཕམ་ཡོང་གི་འདུག ད་བསྡད་དང་མ་བསྡད་མི་འདུག་དྲན་གྱི་འདུག ཨ་རི་དོན་གཅོད་ཡིན་མུས་ཆབ་མདོ་བ་དེས་ཀྱང་ངའི་མིང་བེད་སྤྱོད་བཏང་ནས་བློ་བཟང་སེང་གེའི་རྒྱབ་སྐྱོར་བྱས། འོས་བསྡུའི་དྲིལ་བསྒྲགས་བྱས་འདུག གང་ལྟར་དཔུང་སྒྲིག་བྱས་ནས་གང་འདྲ་བྱས་སོང༌། ཨ་མདོའི་ངོས་ནས་ངས་མ་ཤེས་པ་ཡིན་འགྲོ དེ་འདྲ་རང་བྱུང་མ་སོང༌།”*༢ ཞེས་ཀྱང་བཀའ་སློབ་ཕེབས་ཡོད། ང་ཚོས་ལས་འབྲས་ཀྱི་སྐད་ཆ་ཞིག་ན། ཁོང་རིན་པོ་ཆེའི་སྙན་ལ་ཞུས་དང་མ་ཞུས་ཙམ་ལས། འོས་བསྡུའི་བརྒྱུད་རིམ་ནང་ཕྱོགས་གཉིས་ཀར་”རྒྱ་མ་གང་ལ་ཡང་ལྗིད་དང་སོར་མོ་གང་ལ་རིང་ཐུང་”ཤོར་མེད་པ་མཐོང་ཆོས་ཡིན། ཕྱིས་སུ་༧གོང་ས་མཆོག་གིས་བློ་བཟང་སེང་གེ་ལ་”ནམ་མཁའ་གཡའ་དྭངས་དང་ས་གཞི་རྡུལ་དག་”གི་བཀའ་སློབ་ཕེབས་ཡོད།
ང་ཚོས་རྒན་པའི་ཇུས་གཏོགས་ཀྱི་”ལྟ་བ་རྙིང་བ་དང་བསམ་བློ་མཁྲེག་པོའི” ཟུར་ཁ་དང་། ཡང་ན། ད་ལྟའི་གནས་བབ་དང་། འབྱུང་འགྱུར་གྱི་འཚོ་གནས། མི་རབས་གསར་པའི་མདུན་ལམ་སོགས་ཀྱི་ཕྱོགས་ནས་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ལ་བལྟས་ན། ཉིས་སྟོང་བཅུ་དྲུག་དང་ཉེར་གཅིག་གང་ཡིན་ཡང་། སྤེན་པ་ཚེ་རིང་འོས་མིར་ལངས་ནས་མངོན་གསལ་ཆགས་པ་མ་གཏོགས།(ད་ལྟ་ཡིན་ནའང་། ཁོང་”རྩྭ་གཟུགས་སྲིད་སྐྱོང་”གི་ངོ་བོར་བཞུགས་ཡོད།) དོན་དམ་པའི་ཕྱོགས་ཁག་གི་འགལ་ཟླ་ནི། ཁྲི་ཟུར་ཟམ་གདོང་རིན་པོ་དང་སྲིད་ཟུར་བློ་བཟང་སེང་གེ་བར་ལ་བྱུང་ཡོད། དེ་ད་ལོའི་དངོས་གཞིའི་འོས་མི་གཉིས་ཀྱི་རྒྱབ་ལྗོངས་དང་གཏམ་བཤད། ལས་འཆར་། ཐབས་ཇུས་སོགས་ལས་ཤེས་ཐུབ་ལ། འོས་བསྡུའི་སྐབས་དང་། ནང་ཁུལ་འགལ་ཟླ་དང་དོན་རྐྱེན་ཁག་བྱུང་སྐབས། ཁྲིམས་ཟུར་དང་བཀའ་ཟུར། ཚོགས་ཟུར་དང་གཞུང་ཞབས་ཟུར་པ་སོགས་ཟུར་པ་དང་རྒན་པ་མང་བོ་ཞིག་ཐོན་ཡོང་ཚུལ་ལས་ཀྱང་ཤེས་ཐུབ།
བོད་པའི་སྤྱི་ཚོགས་དང་མང་ཚོགས་ལ་ཁ་འཁོར་ནས་གཏམ་བཤད་གནང་སྐབས། དེ་སྔའི་གྲུབ་འབྲས་ཀྱི་ཆ་ནས་ཡིན་ན་འདྲ། མ་འོངས་ལས་འཆར་གྱི་སྐོར་ནས་ཡིན་ནའང་འདྲ། སྲིད་ཟུར་བློ་བཟང་སེང་གེའི་སྐད་མགོ་མཐོ་ཞིང་འུར་གཏམ་ཚ་བ་དེ། རིག་གཞུང་དང་གཤིས་སྤྱོད་ཀྱི་ཆ་ནས་བོད་མིའི་ངོ་བོར་མི་འཕྲོད་ཅིང་དང་ལེན་དཀའ་བ་བདེན་ནའང་། (དེ་སྔ་ཁོང་གིས་རང་ཉིད་བཞེངས་ཡོད་པའི་ཐང་ཁ་ཞིག་བཀའ་ཤག་གི་ལས་ཁུངས་ནང་བཀལ་མྱོང་ཡོད།) རྒན་པའི་ཇུས་གཏོགས་ཀྱི་གྲིབ་མ་ཕོག་པའི་ཕྱོགས་གཏོགས་འགལ་ཟླའི་འཐབ་རྩོད་ཁྲོད། ཕོ་བྲང་དཀར་པོར་ཕེབས་ཤིང་བོད་དོན་ཡིག་ཆ་བཟོས་པ་སོགས་ཀྱང་ནག་བསུབ་ལྟ་བུར་བཏང་ནས། སྲིད་སྐྱོང་གི་ལོ་བཅུའི་གྲུབ་འབྲས་ལ་མཛུབ་མོ་འཛུགས་སྐབས། གངས་སྐྱིད་ཀྱི་ཨར་ལས་འཛུགས་བསྐྲུན་ཙམ་དང་། ལོ་བཅུའི་སྲིད་སྐྱོང་ནི་”ཨར་རྒྱག་སྲིད་སྐྱོང་”ལྟ་བུར་ཆགས་པ་ནི། སྲིད་ཟུར་བློ་བཟང་སེང་གེའི་ངོས་ནས་གྱོང་གུན་ཡིན་པ་ལྟར། བོད་ཀྱི་སྲིད་སྐྱོང་གི་ལོ་རྒྱུས་ཀྱི་ངོས། ལྷག་པར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ངོས་སོགས་གང་ནས་བལྟས་ཀྱང་། དེ་ལོ་རྒྱུས་ཀྱི་གྱོང་གུན་ཙམ་ལས་ཁེ་ཕན་གང་ཡང་མིན། དེར་བརྟེན། ངེས་པར་དུ་ཤེས་དགོས་ཤིང་གཟབ་དགོས་ས་ནི། ང་ཚོའི་མི་སྒེར་ཕྱོགས་གཏོགས་ཀྱི་འགལ་ཟླའི་གཏིང་ཟབ་ཅིང་རྙོག་དྲའི་རྩེ་རྣོ་བ་དེ། རྒན་པའི་ཇུས་གཏོགས་ཚ་དྲག་པ་ལས་བྱུང་ཡོད་པ་དེ་ཡིན།
བཞི། ཕོགས་ཐོབ་དང་ཆེ་མཐོང་། ད་དུང་ཁྲིམས་ཀྱི་རྒྱབ་རྩ་ཡོད་པའི་འཐེན་འཁྱེར།
དམངས་གཙོའི་ལམ་སྲོལ་ནང་། ཆབ་སྲིད་ལམ་ལུགས་ནི་རྒྱལ་ཁབ་དང་སྲིད་དོན་ཁོར་ཡུག་ནང་། མི་དམངས་ཀྱི་མངོན་འདོད་སྒྲུབ་ཐབས་ཀྱི་གཏན་འབེབ་ཚད་ཐིག་ལ་སྲུང་སྐྱོབ་དང་། ཡང་ན། སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་སྲོལ་དང་འགུལ་སྐྱོད་ངེས་སྲོལ་ལ་ཚང་མས་སྲུང་སྐྱོབ་བྱེད་ཐབས་ཀྱི་རྣམ་པ་ཞིག་ཡིན། ལོ་རྒྱུས་ཀྱི་ཆ་རྐྱེན་དང་རྒྱབ་ལྗོངས་མི་འདྲ་བ། མི་དམངས་ཀྱི་མངོན་འདོད་དང་གནས་བབ་ཀྱི་དགོས་མཁོ་མི་འདྲ་བའི་འོག དམངས་གཙོའི་རྒྱལ་ཁབ་དང་སྲིད་དོན་ཁོར་ཡུག་ནང་སྲིད་ལུགས་དང་གྲུབ་ཆ་མི་འདྲ་བའི་ལམ་ལུགས་སྣ་མང་བྱུང་ཡོད། བཙན་བྱོལ་བོད་མིའི་དམངས་གཙོ་ནི། དབྱིན་ཇི་དང་རྒྱ་གར་ལ་དཔེ་བལྟས་པའི་གྲོས་ཚོགས་ལམ་ལུགས་ཀྱི་དམངས་གཙོ་ཡིན་ཞིང་། གཞན་དང་མ་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་དེ། གྲོས་ཚོགས་ཀྱི་གྲུབ་ཆ་གཙོ་བོ། ཆོལ་ཁ་དང་ཆོས་བརྒྱུད་ཀྱིས་བཟུང་ཡོད་པ་དེ་ཡིན།
རྒན་པའི་ཇུས་གཏོགས་གླེང་དགོས་པ་ནང་བཞིན། སྤེན་སེང་ཕྱོགས་གཏོགས་བར་གྱི་འགལ་ཟླའི་གཏིང་ཟབ་ས་དང་རྩེ་རྣོ་ས་གླེང་སྐབས། ང་ཚོས་ངེས་པར་དུ་གླེང་དགོས་ས་ཞིག་ནི། བཙན་བྱོལ་ནང་གི་ཆོལ་ཁའི་གནས་བབ་དང་། ལྷག་པར་དུ་དེ་ལས་འཕྲོས་པའི་འཐེན་འཁྱེར་ནི་མེད་དུ་མི་རུང་བའི་གླེང་གཞི་གཙོ་བོ་ཞིག་ཆགས་ཡོད། ཉེ་ཆར་ཆོས་བརྒྱུད་སྤྱི་འཐུས་ཚོས་གཙོས་པའི་རྒྱུན་ལས་རྣམ་པའི་དགོངས་ཞུ་ལ་མཚོན་ནའང་། ཕྱི་ཚུལ་ལ་བཅའ་ཁྲིམས་སྲུང་སྐྱོབ་དང་། སྲིད་སྐྱོད་དམ་འབུལ་ཁྲིམས་དང་མཐུན་མིན། རྒྱུན་ལས་ཁང་གི་འཆར་ཅན་འཛིན་སྐྱོང་འགྲོ་ཐུབ་མིན་སོགས་རྒྱུ་མཚན་དུ་སྒྲོག་བཞིན་ཡོད་ནའང་། དོན་ལ་ཡིག་ཆ་ཨང་ ༣༩ བ་དང་འབྲེལ་བའི་འཐད་རྩོད་ཁྲོད། བློ་བཟང་སེང་གེའི་ཕྱོགས་གཏོགས་རྣམས་རིམ་བཞིན་ཕམ་ཉེས་སོང་བ་ལས་བྱུང་ཡོད་ལ། སྐབས་ ༡༧ པའི་གྲོས་ཚོགས་འཐུས་མིའི་དམ་འབུལ་ཕྱོགས་ཁག་གཉིས་སུ་གྱེས་པ་ཡང་། དྲང་བདེན་བྱུང་མིན་དང་ཁྲིམས་མཐུན་ཡིན་མིན་གྱི་གནད་དོན་མ་ཡིན་པར། ཕྱོགས་གཏོགས་ཀྱི་ལངས་ཕྱོགས་མཁྲེག་འཛིན་དང་། ཆོལ་ཁའི་ཞེན་ཁོག་དང་འཐེན་འཁྱེར་ལས་བྱུང་བ་ལོང་བས་བལྟས་ཀྱང་རིག་པའི་ཚོད་ཡིན།
སོག་པོས་དབང་ཡོན་དུ་འབུལ་སྐབས་སྲིད་འཛིན་ས་ཁུལ་དུ་བཅད་བགོས་བྱས་མྱོང་མེད་ལ། ལོ་རྒྱུས་ཀྱི་དཀྱོགས་མཚམས་གང་དུའང་རིག་གཞུང་བྱེ་བྲག་གི་ཁྱད་པར་དང་ཁྱབ་ཁོངས་ལས། ཆབ་སྲིད་ཀྱི་ངོ་བོ་དང་ལམ་ལུགས་ཀྱི་གྲུབ་ཆ་ཆགས་མྱོང་མེད་པའི་ཆོལ་ཁ་དེ། བཙན་བྱོལ་སྤྱི་ཚོགས་ནང་ཐོབ་ཐང་འདྲ་མཉམ་དང་འགན་དབང་ཆ་བགོས་ཀྱི་སྲིད་དོན་ལམ་ལུགས་སུ་བསྒྱུར་ཅིང་། ལས་དོན་སྒྲིག་སྲོལ་དང་འགུལ་སྐྱོད་ངེས་སྲོལ་གྱི་ཚངས་ཐིག་གཏན་འབེབས་ཐོག་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཡོད། དེའི་གོ་དོན་གཞན་ཞིག་ནི། ད་ལྟའི་སྤྱི་འཐུས་ཚོས་ཕྱོགས་གཏོགས་འགལ་ཟླའི་ལངས་ཕྱོགས་མཁྲེག་འཛིན་དང་། ཆོལ་ཁའི་ཞེན་ཁོག་ཚད་ནས་འཐེན་འཁྱེར་གྱི་བྱས་ཉེས་གསོག་བཞིན་པ་འདི་ལ། ལམ་ལུགས་དང་ཁྲིམས་ལུགས་གཉིས་ཀྱི་རྒྱབ་རྩ་ཡོད་པའི་མ་ཚད། བོད་གཞུང་གཉིས་ཀྱིས་ཕོགས་ཐོབ་དང་ཆེ་མཐོང་ཕུལ་ནས་ཡོང་ཡོད་པ་དེ་ཡིན། མདོར་དེད་ན། ཁོ་ཚོའི་བྱས་ཉེས་དེ་ཚོ་ཕོགས་ཐོབ་དང་ཆེ་མཐོང་། ད་དུང་ཁྲིམས་ལུགས་ཀྱི་རྒྱབ་རྩ་ཡོད་པའི་ཞེན་ཁོག་དང་འཐེན་འཁྱེར་ཞིག་ཆགས་ཡོད། གནའ་ནས་ད་ལྟའི་བར་དུ། ཆོལ་ཁའི་གནས་བབ་དང་འཐབ་རྩོད། དེའི་ཞེན་ཁོག་དང་འཐེན་འཁྱེར་སོགས་ནི། བཙན་བྱོལ་སྤྱི་ཚོགས་ནང་གི་རྙོག་དྲའི་འབྱུང་ཁུངས་གཙོ་བོ་དེ་ཡིན།
ཞེན་ཁོག་དང་འཐེན་འཁྱེར་ཁྲོད་ཀྱི་”ཆོལ་གསུམ་ཆིག་སྒྲིལ་”གྱི་ཁ་གཡང་ནི། མཚར་སྡུག་ལྡན་པའི་ཕུགས་བསམ་དང་། ཡིད་དུ་འོང་བའི་འཆར་སྣང་ཙམ་ལས་གང་ཡང་མིན། ལྷག་པར་རིག་གཞུང་བྱེ་བྲག་པའི་ཁྱབ་ཁོངས་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བའི་བཙན་བྱོལ་ལ་མཚོན་ན། ཕྱོགས་གཏོགས་འགལ་ཟླའི་འཐབ་རྩོད་ཁྲོད། ད་ནི་”ཕུགས་བསམ་”དང་”འཆར་སྣང་”ཞིག་ཡིན་མིན་ལའང་དོགས་པ་ཟ་དགོས་པའི་ཚོད་དུ་ལྷུང་ཡོད། དེར་བརྟན། ང་ཚོས་སྤེན་སེང་ཕྱོགས་གཏོགས་ཀྱི་འགལ་ཟླའི་གཏིང་ཟབ་ས་དང་རྩེ་རྣོ་ས་གླེང་སྐབས། ཆོལ་ཁའི་གནས་བབ་དང་གནད་དོན་མི་གླེང་ཐབས་མེད་ཡིན་ལ། སྟོབས་ཤུགས་ཆིག་སྒྲིལ་དང་རྩ་དོན་འཐབ་རྩོད་ལ་གནོད་ཚབས་ཆེ་ཞིང་། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་གནས་བབ་དགོས་མཁོ་དང་བསྟུན་པའི་ཆོལ་ཁའི་ལམ་ལུགས་འདི་ལའང་། བསམ་བློ་ཞིག་མི་གཏོང་རང་གཏོང་ཞིག་ཆགས་ཡོད།
ལྔ། བཅའ་ཁྲིམས། སྨྱོན་པའི་ལག་གི་དམེ་གྲི།
ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་ཨན་ཧོས་ཞིང་ཆེན་ཨན་ཆིན་གྲོང་ཁྱེར་ནང་དོན་མེད་གྲིས་རྒྱབ་ནས་མི་གསོད་དོན་རྐྱེན་ཞིག་བྱུང་། དོན་རྐྱེན་དེ་ནང་མི་ལྔ་རྐྱེན་འདས་སུ་སོང་ཞིང་བཅོ་ལྔ་ལ་ཚབས་ཆེའི་རྨས་སྐྱོན་ཕོག རྒྱ་ནག་ནང་ལོ་ལྟར་དོན་རྐྱེན་འདི་ལྟ་བུ་བྱུང་གི་ཡོད་ལ། ཆ་སྙོམ་ལོ་རེར་ཉུང་མཐར་ཡང་ཐེངས་བཅུ་ཙམ་རེ་བྱུང་གི་ཡོད། དོན་རྐྱེན་ཁྲོད་ཀྱི་གནོད་འཚེ་ཕོག་ཡུལ་མང་ཤོས་མང་ཚོགས་དཀྱུས་མ་ཡིན་ཞིང་། དོན་རྐྱེན་བྱུང་ས་མང་ཤོས་སློབ་གྲྭ་ཆུང་འབྲིང་ཁག་དང་བྱིས་གཉོར་ཁང་ཡིན་སྟབས། གནོད་འཚེ་ཕོག་ཡུལ་ཡང་སློབ་ཕྲུག་དང་མནར་མ་སོན་པའི་བྱིས་པ་ཚོ་ཡིན་འདུག ཞིབ་འཇུག་གྲུབ་དོན་ནང་གསལ་ལྟར་ན། དོན་མེད་གྲིས་རྒྱག་མཁན་ལག་དམར་བ་ནི་སྤྱི་ཚོགས་ཀྱི་གནོན་ཤུགས་དང་སུན་བཙིར་འོག སེམས་པ་ཐང་ཐང་མེད་མཁན་ཚོ་ཡིན་འདུག གནས་སྟངས་འདིའི་རིགས་ལ་བོད་པ་ཚོས་”སྨྱོན་པའི་ལག་ལ་རལ་གྲི་ཤོར་”ཟེར་བ་ཡིན།
སྤེན་སེང་ཕྱོགས་གཏོགས་གཉིས་ལ་མཚོན་ན། ད་ལྟའི་ཆར་བཅའ་ཁྲིམས་རིན་པོ་ཆེ་ནི་ཕན་ཚུན་ནང་དམེ་བྱེད་སྤྱད་ཀྱི་གྲི་ལྟིག་ཅིག་གི་ཚབ་ཏུ་ལྷུང་ཡོད། ཕྱོགས་གཉིས་ཀས་ད་བར་སྐད་ཤུགས་ཆེན་པོས་བཅའ་ཁྲིམས་སྲུང་སྐྱོབ་གསུངས་ཀི་ཡོད་ནའང་། དོན་ལ་གཉིས་ཀས་བཅའ་ཁྲིམས་གཏོར་ཤིག་གི་ལས་ལ་འབད་ཀྱིན་ཡོད། ཟམ་གདོང་རིན་པོ་ཆེས་ཞིབ་གསལ་གྱི་ཁྲིམས་འགྲེལ་མ་གནང་ཡང་། ཡིག་ཆ་ཨང་ ༣༩ བས་བཅའ་ཁྲིམས་ཇི་ལྟར་སྦོ་ལུག་བཅུག་པ་ཚང་མའི་སེམས་ནང་གསལ་ལེར་ཡོད། སྲིད་ཟུར་བློ་བཟང་སེང་གེས་བཅའ་ཁྲིམས་སྦོ་ལུག་པ་མཁྱེན་བཞིན་དུ། གྲོས་ཚོགས་ནང་ཞལ་མ་གྲགས་པ་དང་། མུ་མཐུད་ཚོགས་ཟུར་དང་ལྷན་དུ་ཁྲིམས་ཞིབ་པའི་འོས་མི་འཚོལ་བསྡུའི་ཚོགས་ཆུང་བཙུགས་ཤིང་། འོས་མིའི་ཆ་རྐྱེན་ཁྲིམས་སྒྲིག་དོན་ཚན་ལ་བཟོ་བཅོས་བཏང་བ་མ་ཟད། ཚོགས་ཆུང་ནང་ཁུལ་ཕྱོགས་འགལ་ཆགས་ནས་མཇུག་སྐྱོང་མ་ཐུབ་པ་དང་འོས་མི་མ་རྙེད་པ་མ་གཏོགས། བཅའ་ཁྲིམས་ཁ་ལ་འཁྱེར་ནས་ཡིག་ཆ་ཨང་ ༣༩ བ་ལ་མཇུག་སྐྱོང་གི་མཐུན་འགྱུར་ཆ་ཚང་གནང་ཡོད། སུ་ལ་དྲང་བདེན་ཡོད་མེད་དང་། སུ་ཞིག་ཁྲིམས་མཐུན་ཡིན་མིན་ལ་མ་ལྟོས་བར། ཟམ་གདོང་རིན་པོ་ཆེའི་”ཁྲིམས་འགྲེལ་”དང་། སྲིད་ཟུར་མཆོག་གི་”མཇུག་སྐྱོང་”གནང་སྟངས་འདིས། མི་ལོ་བཅུ་ཙམ་ལ་ཕག་ཏུ་ཡིབ་པའི་ཕྱོགས་གཏོགས་འགལ་ཟླ་དེ། དངོས་སུ་ལྷང་ལ་ཕུད་ཡོད།
གནས་ལུགས་ཀྱི་ཆ་ནས་བཤད་ན། ཡིག་ཆ་ཨང་ ༣༩ བས་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་འཕོ་འགྱུར་བཏང་བ་དེས། བཅའ་ཁྲིམས་རིན་པོ་ཆེ་སྦོ་ལུག་བཅུག་ཡོད་ཚེ། དམ་འབུལ་ཕྱོགས་ཁག་གཉིས་སུ་གྱེས་ནས་གྲོས་ཚོགས་ཀྱི་གྲུབ་ཆའི་གྲངས་འབོར་མ་ལོན་པ་དེས། ང་ཚོའི་དམངས་གཙོ་ཡོངས་སུ་སྦོ་ལུག་བཅུག་ཡོད། ང་ཚོའི་དམངས་གཙོ་ནི་གྲོས་ཚོགས་ལམ་ལུགས་ཀྱི་དམངས་གཙོ་ཡིན། སྤྱི་འཐུས་མི་རེ་ངོ་རེ་དང་། སྤྱི་འཐུས་རྒྱུན་ལས་ལ་གྲོས་ཚོགས་མི་ཟེར་བ་བདེན་ན། གྲོས་ཚོགས་ཀྱིས་མང་མོས་ཐོག་བཞག་པའི་ཡིག་ཆ་ཨང་ ༣༩ བ་དེ། གྲོས་ཚོགས་མ་འཚོག་པར་རང་བཞིན་གྱིས་ནུས་མེད་དང་བརྩི་མེད་དུ་ཆགས་སྟངས་མེད་པ་ཡིན། ཁྲིམས་ཞིབ་པ་རྣམ་པ་དང་སྤེན་ཚེའི་ཕྱོགས་གཏོགས་ཀྱི་”རང་བཞིན་ནུས་མེད་”ནི། སྲིད་སྐྱོང་དམ་འབུལ་ཆེད་ཁྲིམས་ཞིབ་པ་གསུམ་ཁྲིམས་ཞིབ་ཁང་གི་རྒྱལ་སྒོ་ནས་ཕྱིར་འཛུལ་མི་ཐུབ་རུང་། གློ་སྒོ་ལས་ཕྱིར་འཛུལ་ཐབས་ཀྱི་སྤྱང་གྲུང་རྩེ་སྟངས་དང་། ཆབ་སྲིད་འཁྲབ་སྟངས་ཤིག་ཆགས་ཡོད། དམ་འབུལ་ཁྲིམས་མཐུན་ཡིན་མིན་གྱི་ལབ་གླེང་འདི་ནས་ཡོང་ཡོད་ལ། དམངས་གཙོའི་སྦོ་དངོས་སུ་ལུག་སྟངས་ཡང་འདི་ནས་མགོ་བརྩམས་ཡོད། དེར་བརྟེན། ཨན་ཆིན་གྲོང་ཁྱེར་གྱི་ལག་དམར་སྨྱོན་པ་ལྟར། བཅའ་ཁྲིམས་ནི་ཕྱོགས་གཉིས་ཀྱི་ལག་ན་དམ་དུ་བཟུང་བའི་དམེ་གྲི་ཙམ་ཡིན།
མཇུག་བྱང་།
དྲ་རྒྱའི་དུས་རབས་འདིར། དྲ་ཐོག་ནས་ལེགས་བཤད་དང་སྡོམ་ཚིག་མང་བོ་ཞིག་ཐོན་བཞིན་པ་ལྟར། ཉེ་བའི་ལོ་འགའི་སྔོན་ནས་ངའི་སྣང་བར་སོང་ཞིང་། ཡིད་ལ་ཟུག་པའི་ལེགས་བཤད་སྡོམ་ཚིག་ཅིག་ནི། “སྐྱབས་བླ་མ་ཡིན། ལམ་དབུ་མ་ཡིན་”ཟེར་བ་འདི་ཡིན། ང་རང་སྒེར་ངོས་ནས་རང་བཙན་དགོས་འདུན་ཡོད་མཁན་ཞིག་ཡིན་ནའང་། བོད་མི་བརྒྱ་ཆ་དྲུག་ཅུ་བརྒལ་བས་ངེས་ཤེས་བརྙེད་མིན་ལ་མ་བལྟས་པར། དབུ་མའི་ལམ་ལ་ཡིད་ཆེས་བློ་འགེལ་དང་ཚད་མཐོའི་རྒྱབ་སྐྱོར་ཡོད་པར་གསལ་བོར་ཤེས་ཡོད། ༧གོང་ས་མཆོག་ནི་མགོ་ནག་བོད་མིའི་འདི་ཕྱིའི་སྐྱབས་གནས་དང་། བཅའ་ཁྲིམས་ཀྱིས་བསྐུར་བའི་སྐུ་དབང་རང་ཆས་སུ་ཡོད་པའི་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ཙམ་མིན་པར། བོད་མི་རིགས་ཀྱི་གསོན་གནས་དང་བོད་ཀྱི་བདེན་མཐའ་སེལ་ཐབས་ཀྱི་འཁོར་རྒྱུག་ཁྲོད། རྒྱལ་ཁབ་ཅིག་གི་སྒྲོམ་གཞིའི་ངོ་བོ་བཞུགས་ཡོད། དེང་རྒྱལ་སྤྱིའི་མཁས་པས་ང་ཚོ་ལ་”ས་ཆ་མེད་པའི་རྒྱལ་ཁབ་”ཏུ་འབོད་བཞིན་ཡོད། བོད་ཕྱི་ནང་གཉིས་སུ་གྱེས་ཤིང་། རྒྱལ་ཁབ་ཉེར་གཉིས་ལྷག་གི་ནང་ཁ་ཐོར་དུ་གནས་པའི་བཙན་བྱོལ་བོད་མི་ཚོ། ཉིན་ལྟར་རྒྱལ་ཁབ་ཅིག་གི་ངོ་བའི་ཐོག་ནས་འཛིན་སྐྱོང་འཁོར་རྒྱུག་བྱེད་བཞིན་འདི། རྒྱལ་ཁབ་གཅིག་གི་སྒྲོམ་གཞིའི་ངོ་བོར་བཞུགས་ཡོད་པའི་༧གོང་ས་མཆོག་ལ་བརྟེན་ནས་བྱུང་བ་ཡིན།
“བོད་ལ་མི་ཞེན་ཁམས་ལ་ཞེན། སྐུ་ལ་མི་བརྩི་པར་ལ་བརྩི།” འདི་ཁ་སང་དེ་རིང་ཐོན་པའི་དྲ་ཐོག་སྡོམ་ཚིག་ཅིག་ཡིན། སྤེན་སེང་ཕྱོགས་གཏོགས་གཉིས་ཀྱི་དབང་རྩོད་འགལ་ཟླའི་ཁྲོད། ཁོ་ཚོས་བོད་མི་ཁ་བྲལ་དུ་བཏང་ཞིང་བཅའ་ཁྲིམས་གཏོར་བཤིག་བཏང་བས་མ་ཚད། བོད་མིའི་འདི་ཕྱིའི་སྐྱབས་གནས་དང་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད། མི་རིགས་གསོན་གནས་དང་འཐབ་རྩོད་འཁོར་རྒྱུག་ཁྲོད་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ངོ་བར་བཞུགས་ཡོད་པའི་༧གོང་ས་མཆོག་ཡང་། རང་གི་རྐུབ་སྟེགས་སྲུང་སྐྱོབ་ཀྱི་ཆེད་དུ་སྲིད་དོན་ལག་ཆར་བེད་སྤྱོད་བྱེད་བཞིན་པ་འདི། བཟང་སྤྱོད་རིག་གཞུང་མི་ཚེའི་སྙིང་བོར་འཛིན་པའི་མི་རིགས་ཤིག་ལ་མཚོན་ན། རིན་ཐང་ལྟ་ཚུལ་ལ་འདི་ལས་ལྷག་པའི་རུལ་ནས་སུངས་སྟངས་ཤིག་མེད།
<<འཛམ་གླིང་>> གསར་ཤོག་གིས”དེ་ནས་བཟུང་། མི་བུ་འདི་གཉིས་ཀྱིས་མངོན་གསལ་དོད་པོའི་ཐོག་ཧ་ཅང་ཛ་དྲག་པའི་སྲིད་དབང་འཐབ་རྩོད་བྱེད་མགོ་བཙུགས།”ཞེས་བཀོད་པ་ལྟར། སྤེན་སེང་གཉིས་ཀྱི་ཕྱོགས་གཏོགས་འགལ་ཟླའི་ཁྲོད་ཚང་མ་གཡས་དཀྱོག་གཡོན་འཁྱོག་བྱེད་སྐབས། ཤེས་ཡོན་པ་ཚོས་འགལ་ཟླའི་ཛ་དྲག་གི་ཕྱོགས་ངོས་ལ་ཁ་དྲང་བོར་གྲགས་ནས། གནས་སྟངས་ལ་དོ་སྣང་འདྲེན་རྒྱུ་ནི་ཤུལ་དུ་ལྷག་དྲང་བདེན་གྱི་ལམ་ཁ་གཅིག་བུ་དེ་ཡིན་པར་འདོད།