Back To Top

བོད་ནག་གསུབས། གྷེའུ་མིད་འགྲེམས་སྟོན་ཁང་གི་ཉེན་ཚབས་ཅན་གྱི་འགྱུར་ལྡོག

རང་བཙན་གྱིས་བརྩམས། ཟླ་བ་ཚེ་རིང་གིས་བསྒྱུར།

གྷེའུ་མིད་འགྲེམས་སྟོན་ཁང་(Musée Guimet) གིས་བོད་ཀྱི་ངོ་བོ་དང་ངོས་འཛིན་ནག་གསུབ་ཏུ་གཏོང་བའི་བརྡ་ཆད་བཀོལ་སྤྱོད་བྱས་པ་བརྒྱུད་ནས། བོད་ཀྱི་རིག་གཞུང་གཏན་མེད་རྩ་མེད་དུ་བཟོ་བ་ནི། མི་སེར་སྤེལ་ཡུལ་གྱི་ལོ་རྒྱུས་འཕེལ་རྒྱས་སུ་འགྲོ་བར་ཁོར་ཡུག་བསྐྲུན་པ་ཡིན་ཞིང་། ཐག་གཅོད་འདིས་རིག་གཞུང་ལྟེ་གནས་ཁང་གཞན་དང་ཉམས་ཞིབ་པ་ཚོར་ཤུགས་རྐྱེན་ཐེབས་ནས། ནུབ་ཕྱོགས་སུ་བོད་ལ་འཁྱོག་བརྗོད་ཀྱི་ལྟ་ཚུལ་ལོག་པ་རྣམས་རྒྱུན་ལྡན་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་རྒྱ་ཁྱབ་ཀྱིས་སྣེ་ཁྲིད་བྱས་ཡོད།

 

བཀླགས་གྲངས། 1122

ངས་མི་ཚེའི་ནང་གྷེའུ་མིད་འགྲེམས་སྟོན་ཁང་ལ་ཆེས་ཐོག་མར་ལྟ་སྐོར་བྱས་པ་དེ་དྲན་སོས་ཀྱི་འདུག བཙན་བྱོལ་བོད་མི་ཞིག་ཡིན་པའི་ང་ལ་མཚོན་ན་དེ་ཧ་ཅང་གི་གལ་ཆེན་རེད། འགྲེམས་སྟོན་ཁང་ནང་དུ་འཛུལ་སྐབས། ངས་རང་ཉིད་འགྲེམས་སྟོན་ཆེད་བཤམས་ཡོད་པའི་ཁྱད་འཕགས་ཀྱི་རིག་དངོས་དེ་དག་དང་དམ་ཟབ་ཀྱི་འབྲེལ་བ་ཡོད་པ་ཚོར་བྱུང་། ངས་འདི་ནས་སྐྱབས་མགོན་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ཆེན་མོའི་ཐུགས་བཀོད་ལྟར་བཞེངས་པའི་ཐང་ཁ་དག་མཇལ་བྱུང་ལ། དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ནང་དུ། བལ་ཡུལ་གྱི་བཟོ་ལས་སྒྱུ་རྩལ་བ་ཚོས་བོད་ཀྱི་དགོན་སྡེ་ཁག་གི་ཆེད་དུ་བཞེངས་པའི་སྐུ་བརྙན་རྣམས་ཀྱང་མཇལ་བྱུང་། རིག་དངོས་འདི་དག་གིས་ངའི་རྩ་ཆེའི་རིག་གཞུང་དང་ཤུལ་བཞག་རིག་གནས་སྟེ་---- ང་ཚོའི་ཤེས་རིག་གི་དཔལ་ཡོན་མཚོན་གྱི་ཡོད། བྱིན་རླབས་ཀྱི་མཚན་ཁ་འབར་བའི་བར་ཁམས་འདི་ནས། ངས་རང་གི་ལྟ་སྐོར་འདི་མུ་མཐུད་མཇུག་མ་སྐྱོང་བའི་སྔོན་ལ་རྐང་གི་ལྷམ་ཕུད་དེ་འགྲོ་ན་འདོད་སོང་།

ངའི་བསམ་པར། གྷེའུ་མིད་འགྲེམས་སྟོན་ཁང་ནི་བཙན་བྱོལ་བོད་མི་ཚོར་མཚོན་ན་བླ་ན་མེད་པའི་དབེན་གནས་ཤིག་རེད་འདོད། ང་ཚོས་རྒྱ་ནག་གཞུང་གིས་ལོ་ངོ་བདུན་ཅུའི་རིང་བོད་ཀྱི་རིག་གཞུང་ལ་ཡ་ང་སྙིང་རྗེ་བྲལ་བའི་གཏོར་བཤིག་བཏང་བའི་ལས་འགུལ་ཁག་ལ་གདོང་ལེན་བྱེད་དགོས་བྱུང་ཡང་། གནས་འདི་ནས་ང་ཚོས་རང་གི་རིག་གཞུང་ལ་བར་ཐག་ཉེ་བོའི་ཐོག་ནས་འབྲེལ་ལམ་འཛུགས་ཐུབ། འགྲེམས་སྟོན་ཁང་འདིས་སྐྱབས་བཅོལ་བྱེད་སའི་གནས་ཡུལ་ཞིག་མཁོ་སྤྲོད་བྱས་ཡོད། འདི་ནས་ང་ཚོས་རང་གི་ངོ་བོ་སྲུང་སྐྱོབ་དང་རང་གི་ངོ་རྟགས་ལོངས་སུ་སྤྱོད་ཐུབ་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་ལས་ཀྱང་གཡོལ་ཐབས་བྱེད་ཐུབ་ཀྱི་ཡོད་ཅེས་ཀྱང་ཟེར་ཆོག་པ་ཡིན།

དེར་བརྟེན། ཉེ་ཆར་གྷེའུ་མིད་འགྲེམས་སྟོན་ཁང་གིས་བོད་(Tibet) ཅེས་པའི་ཚབ་ཏུ་« ཧི་མ་ལ་ཡའི་འཇིག་རྟེན་ » ( Monde Himalayen) ཞེས་པ་དང་། དེ་བཞིན་གོ་དོན་ངོས་འཛིན་ལ་གསལ་ཁ་གང་ཡང་མེད་པའི་ཐ་སྙད་« བོད་མིའི་སྒྱུ་རྩལ་ » (L’art tibetaine) ཞེས་པ་« བོད་ཀྱི་སྒྱུ་རྩལ་ » (L’Art du Tibet)གྱི་ཚབ་མཚོན་དུ་བེད་སྤྱོད་བྱས་པ་དེས། ཧྥ་རན་སི་དང་ཧྥ་རན་སིར་གནས་སྡོད་བྱེད་མཁན་གྱི་བོད་མི་རྣམསས་ཧང་སངས་སུ་བཅུགས། འཛམ་གླིང་གི་ས་ཆ་གང་འདྲ་ཞིག་ལ་མཚོན་ནའང་། འགྱུར་བ་འདིའི་རིགས་ཚན་རིག་དང་ལོ་རྒྱུས་ཐོག་ནས་འཕྱུགས་མེད་གནད་འཁེལ་མིན་པ་མ་ཟད། འདིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་མི་སེར་སྤེལ་ཡུལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་སྲིད་པ་ཡིན། ཨེ་ཤ་ཡའི་མངའ་ཁུལ་དང་ཁ་ཐག་རིང་ཞིང་། ཨེ་ཤ་ཡའི་ཕུན་ཚོགསས་རིག་དངོས་འབོར་ཆེ་ཉར་ཚགས་བྱེད་མཁན་གྱི་འགྲེམས་སྟོན་ཁང་ཞིག་ལ་མཚོན་ན། བྱེད་སྟངས་འདིའི་རིགས་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡིན། འདིས་བོད་ཀྱི་རིག་གཞུང་དང་བོད་ཀྱི་མི་རབས་ཚ་རྒྱུད་ཀྱི་ངོ་བོ་དང་ངོས་འཛིན་ནག་གསུབ་ཏུ་གཏོང་གི་ཡོད།

 

ལོ་རྒྱུས་རྒྱབ་ལྗོངས་དང་རིག་གཞུང་རིན་ཐང་།

བོད་ནི་ས་ཁྲ་གཅིག་བུའི་སྒང་ན་ཡོད་པའི་ཡུལ་གྲུ་ཙམ་མིན། དུས་རབས་འགའ་ཤས་ཀྱི་རིང་ལ་དར་ཞིང་རྒྱས་པའི་ཤེས་རིག་ཡོད་མྱོང་མཁན་ཞིག་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མ་བྱུང་བའི་སྔ་རོལ་ནས་རང་ལ་ཐུན་མོང་མ་ཡིན་པའི་ཤུལ་བཞག་རིག་དངོས་ཕུན་སུམ་ཚོགས་པོ་ཡོད་མཁན་གྱི་རྒྱལ་ཁབ་ཅིག་ཡིན། བོད་ཀྱི་སྒྱུ་རྩལ་དང་སྲོལ་རྒྱུན། ཆོས་ལུགས་གོམས་སྲོལ་སོགས་དུས་རབས་དུ་མའི་ནང་དར་རྒྱས་ཀྱི་རྩེ་མོར་སོན་མྱོང་བ་དག་ནི། དེང་ངོ་བོ་ངོས་འཛིན་དང་སྲུང་སྐྱོབ་བྱེད་རིན་ཡོད་པའི་རིག་གཞུང་ཞིག་གི་རྒྱབ་ལྗོངས་ཁྲོད་རྩ་བ་ཚུགས་ཤིང་ཡལ་ག་རྒྱས་ཡོད། འདི་ལྟའི་ངོ་རྟགས་གཏིང་ཟབ་ལ་སྣང་མེད་དང་བཅས་ « ཧི་མ་ལ་ཡའི་འཇིག་རྟེན་ »འདེམས་པ་ནི། གྷེའུ་མིད་འགྲེམས་སྟོན་ཁང་གིས་བོད་ཀྱི་ལོ་རྒྱུས་ནག་གསུབ་བྱས་པ་དང་། དུས་ཡུན་རིང་བོའི་ནང་བོད་ནག་གསུབ་གཏོང་བར་བློ་ངན་འཆང་མཁན་གྱི་རྒྱ་ནག་གི་བྱ་སྤྱོད་ལ་རོགས་རམ་བྱས་པ་ཡིན།

ཡུལ་གྲུ་མངའ་ཁུལ་ལ་ས་མིང་གསར་འདོགས་ཀྱི་བྱ་སྤྱོད་འདི་གནད་དོན་ཆུང་ཆུང་ཞིག་མིན། འདི་དབང་སྒྱུར་གྲལ་རིམ་གྱི་སྒུལ་ཤུགས་དང་མི་སེར་སྤེལ་ཡུལ་གྱི་ལོ་རྒྱུས་ལ་འབྲེལ་བ་དམ་ཟབ་ཏུ་ཡོད། ཡུ་རོབ་མི་སེར་སྤེལ་བའི་རིང་ལུགས་པ་ཚོས་ས་མིང་གསར་འདོགས་ཀྱི་བརྒྱུད་རིམ་སྤྱད་ནས། ཡུ་རོབ་ལས་གཞན་པའི་ཡུལ་གྲུ་མངའ་ཁུལ་ལ་ཚུལ་མིན་གྱི་སྒྲིགས་ཁྲིམས་དང་དོན་སྙིང་ལག་བསྟར་བྱེད་ཐབས་བྱས་མྱོང་ཡོད། ཡུལ་མིང་གསར་འདོགས་དང་ས་མིང་བརྗེ་བསྒྱུར་ནི་བཙན་རྒྱལ་རིང་ལུགས་པས་རང་བྱུང་ཁམས་དང་། མིའི་རིགས་ཀྱི་ཁོར་ཡུག་ལ་དབང་བསྒྱུར་སྟངས་འཛིན་རྒྱ་སྐྱེད་གཏོང་བར་ཧ་ཅང་གི་གལ་གནད་ཡིན་ལ། མི་སེར་སྤེལ་མཁན་གྱི་རྒྱལ་ཁབ་གྱི་སྐད་བརྡ་དང་། ཡི་གེ རིག་གནས་དང་འབྲེལ་བའི་རྒྱུན་སྤྱོད་ཐ་སྙད་བེད་སྤྱོད་བྱེད་པ་དེ། མི་སེར་སྤེལ་མཁན་གྱི་རྒྱལ་ཁབ་ཀྱི་དབང་བསྒྱུར་སྲ་བརྟན་ཡིན་པའི་མཚོན་བྱེད་ལའང་ཧ་ཅང་གི་གལ་གནད་ཆེན་པོ་ཡིན། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་སོགས་མི་སེར་སྤེལ་ཡུལ་ཁག་ཏུ་གནད་དོན་འདི་རྒྱུན་བསྲིངས་ཡོད།

ཡུལ་མིང་བརྗེ་བསྒྱུར་གྱི་བྱ་སྤྱོད་ནི་དབང་ཤུགས་ཀྱི་འདོད་ཚུལ་ཞིག་ཡིན། དེས་གནས་ཡུལ་དང་རིག་གཞུང་བར་གྱི་འབྲེལ་གྲུབ་འཕྲོག་བཅོམ་བྱེད་ཀྱི་ཡོད། འདི་བོད་ཀྱི་གནས་སྟངས་རྒྱབ་ལྗོངས་ལ་དམིགས་བསལ་གྱི་གལ་ཆེན་པོ་སྟེ། འདི་ལྟ་བུའི་ཡུལ་མིང་བརྗེ་བསྒྱུར་གྱི་འབད་བརྩོན་ནི། བོད་ཀྱི་ངོ་བོ་དང་ལོ་རྒྱུས་ནག་གསུབ་གཏོང་བའི་ཐབས་བྱུས་ཆེན་པོ་ཞིག་གི་ཆ་ཤས་ཆགས་ཡིན། བོད་ལ་ཁྱད་གསོད་ཙམ་མིན་པར། བོད་ལས་གཞན་པའི་འཛམ་གླིང་གི་ཤུལ་བཞག་རིག་དངོས་ལའང་ཁྱད་གསོད་དང་མཐོང་ཆུང་གི་བྱ་སྤྱོད་ཅིག་ཀྱང་ཡིན། དེ་ལས་གཞན། བོད་(Tibet) མིང་བརྗེ་བསྒྱུར་བྱས་པ་འདིས་མི་རྣམས་ལ་« བོད་རང་དབང་ »(Free Tibet) ལས་འགུལ་དེ་གཅིག་མཐོང་གཅིག་དྲན་བྱེད་དུ་བཅུགས་ཡོད། དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་རང་དབང་ཆེད་འཐབ་རྩོད་བྱེད་པར་ངར་ཤུགས་བསླངས་ཡོད་ལ། བོད་ནི་རང་བཙན་གྱི་གོང་བུ་ཞིག་ཡིན་པའི་ངོས་ལེན་དང་། མི་རྣམས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་མི་སེར་སྤེལ་བའི་དབང་བསྒྱུར་དང་། འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་གཏོར་བཤིག་གཏོང་བཞིན་པ་དེར་དོ་སྣང་ཡོང་བར་དྲན་སྐུལ་བཏང་ཡོད། རྒྱ་ནག་གཞུང་གིས་བོད་ཅེས་པའི་མིང་འདི་གསུབ་ཐབས་བྱེད་ཀྱི་ཡོད་མ་ཟད། ནང་དོན་འདིའི་རིགས་གླེང་སློང་ཡོང་བར་བཙན་གནོན་དང་། བོད་རང་སྐྱོང་ལྗོངས་ལས་གཞན་པའི་བོད་ཁུལ་གྱི་བྱུང་རབས་ལ་དོ་སྣང་བྱེད་པའི་ཚོར་ཤུགས་གཏོར་ཐབས་བྱེད་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ཞེས་པ་ནི་བོད་ཀྱི་དབུས་ཁུལ་ཙམ་ཡིན། དེའི་ནང་དུ་བོད་ཀྱི་སྲོལ་རྒྱུན་གྱི་མངའ་ཁུལ་ཁམས་དང་ཨ་མདོ་གཉིས་ཚུད་མེད།

གྷེའུ་མིད་འགྲེམས་སྟོན་ཁང་ལྟ་བུའི་རིག་གཞུང་གི་ལྟེ་གནས་གལ་ཆེན་པོ་ཞིག་གི་ནང་དུ། བོད་ཀྱི་རིག་གཞུང་རྣམ་པ་མངོན་པར་མི་གསལ་བར་གནས་པའི་སྣང་ཚུལ་ནི་ཧ་ཅང་གི་འཇིགས་སུ་རུང་བ་ཞིག་ཡིན། རང་གི་མི་རབས་རྗེས་མ་རྣམས་ཤུལ་བཞག་རིག་དངོས་སྒྱུ་རྩལ་འདི་དག་དང་འཕྲད་སྐབས། ཁོ་ཚོས་བོད་ལ་འཁྱོག་བརྗོད་ཀྱི་ལྟ་ཚུལ་ལོག་པ་རྣམས་བདེན་པར་རློམ་སྲིད་ལ། བོད་ཀྱི་དོན་དངོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་དོན་སྙིང་ལ་ངོས་འཛིན་བྱེད་ཐབས་བྲལ་བར་འགྱུར་སྲིད། འདིའི་ཤུག་རྐྱེན་བོད་མི་ཙམ་མིན་པར། འཛམ་གླིང་གི་ལྟ་སྐོར་བར་ཕྱོགས་ཡོངས་ནས་འཛམ་གླིང་འདིའི་སྒང་གི་སྣ་མང་རིག་གཞུང་ལ་དོན་དམ་གྱིས་ལོངས་སུ་སྤྱོད་པར་ཡང་ཤུགས་རྐྱེན་ཐེབས་སྲིད། བོད་ཀྱི་ངོ་བོ་དང་ངོས་འཛིན་ནག་གསུབ་གཏོང་བའི་བརྡ་ཆད་བེད་སྤྱོད་བྱས་པ་བརྒྱུད་ནས། གྷེའུ་མིད་འགྲེམས་སྟོན་ཁང་གིས་བོད་ཀྱི་རིག་གཞུང་གཏན་དུ་རྩ་མེད་དུ་བཟོ་བ་ནི། མི་སེར་སྤེལ་ཡུལ་གྱི་ལོ་རྒྱུས་འཕེལ་རྒྱས་སུ་འགྲོ་བར་ཁོར་ཡུག་བསྐྲུན་པ་ཡིན་ཞིང་། བྱ་སྤོད་འདིས་རིག་གཞུང་ལྟེ་གནས་ཁང་གཞན་དང་ཉམས་ཞིབ་པ་ཚོར་ཤུགས་རྐྱེན་ཐེབས་ནས། ནུབ་ཕྱོགས་སུ་བོད་ལ་འཁྱོག་བརྗོད་ཀྱི་ལྟ་ཚུལ་ལོག་པ་རྣམས་རྒྱུན་ལྡན་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་རྒྱ་ཁྱབ་ཀྱིས་སྣེ་ཁྲིད་དང་། བོད་ཀྱི་སྣ་མང་གཏིང་ཟབ་དང་ལོ་རྒྱུས་ཀྱི་འབྱུང་ཁུངས་ལའང་སྣང་ཆུང་བྱེད་སྲིད་པ་ཡིན།

རང་ཉིད་ཀྱི་རིག་གཞུང་དང་ཤུལ་བཞག་རིག་དངོས་ཁག་གི་ཐ་སྙད་བརྗེ་བསྒྱུར་ནི། རང་ཐག་རང་གཅོད་ཀྱི་ཆ་ཤས་མེད་དུ་མི་རུང་བ་ཞིག་ཡིན་པར་ང་ལ་ཡིད་ཆེས་ཡོད། བོད་རིགས་རྒྱ་ཆེའིམང་ཚོགས་ལའང་གཞན་གྱི་བཀོད་བྱུས་དང་ཐེ་གཏོགས་མེད་པར་རང་ཉིད་ཀྱི་ངོ་བོ་དང་། ལོ་རྒྱུས། རིག་གཞུང་སོགས་ཀྱི་ངོས་འཛིན་གཏན་འབེབས་ཀྱི་དབང་ཚད་ཡོད་པ་ཡིན། གྷེའུ་མིད་འགྲེམས་སྟོན་ཁང་གིས་བོད་མིང་ཕྱིར་བསྡུ་བྱས་པའི་ཐག་གཅོད་དེ། ཚོགས་སྡེ་གང་རུང་གི་གདམ་ཀ་ཙམ་མིན་པར། བོད་མི་རིགས་ཀྱི་གཞི་རྩའི་ཐོབ་དབང་ཁས་ལེན་མ་བྱས་པ་ཡིན། མི་རྣམས་ཀྱིས་དང་ལེན་དཀའ་བའི་འགྱུར་ལྡོག་འདི་སྲུང་སྐྱོབ་ཀྱི་ཆེད་དུ། གྷེའུ་མིད་འགྲེམས་སྟོན་ཁང་གིས་‘‘ཆེད་ལས་པ་མིན་པའི་མི་རྣམས་ཀྱིས་ལས་སླ་བོའི་ཐོག་ནས་ངོས་འཛིན་དང་གོ་རྟོག་ཐུབ་པའི་ཆེད་’’དུ་ཡིན་ཚུལ་འགྲེལ་བརྗོད་བྱས་ནས་ཐག་གཅོད་དེ་ཚུལ་ལྡན་ཡིན་ཚུལ་ར་སྤྲོད་ཐབས་བྱེད་ཀྱི་ཡོད། འོན་ཀྱང་། འགྲེལ་བརྗོད་དེས་ང་ཚོའི་ལོ་རྒྱུས་ཀྱི་ཕུན་སུམ་ཚོགས་པའི་ཆ་དེ་མཚོན་མི་ཐུབ། སློབ་གསོ་དང་མང་ཚོགས་ལ་ཤེས་རྟོགས་སྤེལ་བ་ནི་ངེས་པར་དུ་དངོས་ཡོད་ཀྱི་རྣམ་པ་བརྒྱུད་ནས་ཡོང་དགོས་པ་དང་། ང་ཚོའི་རིག་གཞུང་གི་གཏིག་ཟབ་རང་བཞིན་ལ་བརྩི་བཀུར་བྱེད་དགོས་པ་ལས་སྣང་ཆུང་གཏོང་མི་རུང་། མིའི་རིགས་ཀྱི་ལོ་རྒྱུས་དང་མིའི་རིགས་ཀྱི་མཛེས་སྡུག་ནི་སྣ་མང་དང་གཏིང་ཟབ་རང་བཞིན་ཅན་ཡིན། འགྲེམས་སྟོན་ཁང་གིས་ངེས་པར་དུ་དངོས་ཡོད་གཞིར་བཟུང་ནས་ལོ་རྒྱུས་ཀྱི་རྣམ་པ་མངོན་ཐབས་བྱེད་དགོས་པ་ལས། ལོ་རྒྱུས་བསྐྱར་འབྲི་བྱེད་མི་རུང་།

སེམས་ཁྲལ་འདི་དག་ལ་བརྟེན་ནས། བོད་པའི་སྤྱི་ཚོགས་དང་། བོད་རིག་པ་བའི་སྡེ། མི་སེར་སྤེལ་མཁན་ལ་ངོ་རྒོལ་བྱེད་མཁན་གྱི་ལས་འགུལ་བའི་དཔུང་ཁག་རྣམས་མཉམ་རུབ་བྱས་ནས། གྷེའུ་མིད་འགྲེམས་སྟོན་ཁང་ལ་བོད་ཀྱི་འགྲེམས་སྟོན་དང་འབྲེལ་བའི་ལས་རིམ་ཁག་གི་ནང་། བོད་(Tibet)་མིང་ལ་དགོས་ངེས་ཀྱི་གོ་གནས་བསྐྱར་གསོ་ཡོང་བར་དགོས་འདུན་འདོན་དགོས། ང་ཚོས་ངེས་པར་དུ་བོད་ནི་རིག་གཞུང་དང་ལོ་རྒྱུས་ཀྱི་ངོ་བོ་ཐུན་མིན་ཁྱད་པར་བ་ཞིག་ཡིན་པའི་ངོས་འཛིན་དར་སྤེལ་བཏང་ནས།  བོད་ཀྱི་ཕྱི་རབས་པ་ཚོས་རང་གི་ཤུལ་བཞག་རིག་དངོས་ཕུན་སུམ་ཚོགས་པ་ལ་རྒྱུད་འཛིན་གྱི་བསམ་བློའི་འཁྱེར་སོ་ཉམ་དམས་སུ་མི་འགྲོ་བར་འགན་ལེན་བྱེད་དགོས། འདི་བརྡ་ཆད་དང་ཐ་སྙད་ཙམ་གྱི་གནད་དོན་མིན། ལོ་ངོ་བདུན་ཅུ་ལྷག་གི་རིང་ལ་གཉའ་གནོན་ཐེབས་པའི་རིག་གཞུང་ཞིག་ལ་མཚོན་ན། འདི་དྲང་བདེན་འཐབ་རྩོད་ཀྱི་གནད་དོན་ཞིག་ཡིན། གྷེའུ་མིད་འགྲེམས་སྟོན་ཁང་ལ་མི་སེར་སྤེལ་མཁན་གྱི་ལས་དོན་ལ་ཁ་གཏད་གཅོག་པའི་གོ་སྐབས་དང་། བསྐྱར་དུ་དངོས་ཡོད་ཀྱི་བདེན་པ་གསལ་སྟོན་བྱེད་པའི་ཁས་ལེན་དམ་བཅའ་འཇོག་པའི་གོ་སྐབས་ཡང་ལྡན་ཡོད། འགྲེམས་སྟོན་ལས་རིམ་ཁག་གི་ནང་བོད་མིང་‘‘བསྐྱར་གསོ་’’བྱེད་པ་དེས། བོད་མི་རིགས་ཀྱི་བློ་རྩ་བརྟན་པའི་སྙིང་སྟོབས་དེ་དྲན་གསོ་བྱེད་པ་མ་ཟད། མི་རབས་རྗེས་མ་རྣམས་ཀྱི་ཆེད་དུ་རང་གི་ངོ་བོ་སྲུང་སྐྱོབ་ཀྱང་བྱེད་ཐུབ།

བོད་(Tibet ཀྱི་ཚབ་ཏུ་« ཧི་མ་ལ་ཡའི་འཇིག་རྟེན་ »(Monde Himalayen) བཀོལ་སྤྱོད་ཀྱི་ཐག་གཅོད་འདི་ཧ་ཅང་གི་ཉེན་ཁ་དང་གཡོ་སྒྱུ་ཅན་ཞིག་ཡིན། དེས་མུ་མཐུད་ནས་ལོ་རྒྱུས་ཀྱི་དྲང་བདེན་མིན་པའི་ཕྱོགས་ངོས་རྒྱུན་སྐྱོང་བྱེད་ངེས་ཡིན། ང་ཚོའི་ཐུན་མོང་གི་འགན་འཁྲི་ནི་དངོས་ཡོད་མིན་པའི་བཤད་སྟངས་འདིའི་རིགས་ལ་ཁ་གཏད་གཅོག་དགོས་ཤིང་། བོད་མི་རིགས་ཀྱི་འབོད་སྒྲ་ཐོས་ཐུབ་པ་དང་། ངོས་ལེན་བྱེད་ཐུབ་པ། དགའ་བསུ་ཐོབ་ཐུབ་པར་ཁག་ཐག་བྱེད་དགོས། ང་ཚོའི་མཉམ་རུབ་ཀྱིས་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གཞུང་སྲུང་སྐྱོབ་ལ་ཕན་ནུས་འདོན་ཐུབ་ལ། ང་ཚོས་ཆིག་སྒྲིལ་བྱས་ནས་རིག་གཞུང་རྩ་གཏོར་ལ་ངོ་རྒོལ་བྱེད་དགོས། བོད་མིང་བསྐྱར་གསོའི་འཐབ་རྩོད་འདི་ཐ་སྙད་དཀྱུས་མ་ཞིག་གི་གནད་དོམ་ཙམ་མིན་པར། མི་རིགས་ཤིག་གི་དྲང་བདེན་དང་། ཆེ་མཐོང་། བརྩི་བཀུར། ཁོ་ཚོའི་ལོ་རྒྱུས་དང་རིག་གཞུང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང་བཅས་ལ་འབྲེལ་བའི་གནད་དོན་ཞིག་ཡིན། འཛམ་གླིང་རང་བཞིན་གྱི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས། ང་ཚོར་རིག་གཞུང་ནག་སུབ་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་ཡོད་ལ། ང་ཚོའི་མི་གཤིས་ཀྱི་སྣ་མང་རང་བཞིན་གྱི་ལེགས་ཚོགས་ལ་ལོངས་སུ་སྤྱོད་རྒྱུའི་འགན་འཁྲི་ཡང་ཡོད་པ་ཡིན་ནོ།།

 

གསལ་བཤད། འགྱུར་ལ་དག་མིན་བྱུང་ཚེ་གཤམ་གྱི་དྲ་འབྲེལ་ནང་གི་མ་རྩོམ་ལ་གཞི་བཅོལ་དགོས།

https://blogs.mediapart.fr/rangzen/blog/081024/l-effacement-du-tibet-un-changement-dangereux-au-musee-guime

 

 

 

 

 

 

 

 

 

 

 

 

 

 

 

2024-10-23 ཧ་ཅང་ལེགས་
2024-10-12 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།