------ འབྲུག་པའི་གློག་བརྙན་( གྲྭ་བ་དང་མེ་མདའི་ )བརྙན་དཔྱད།
ཨ་རི་དང་ཧྥ་རན་སི་སོགས་བྱང་ཨ་མེ་རི་ཁ་དང་། ནུབ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་གསར་བརྗེ་དང་མི་འདྲ་བར། ཤར་ཨེ་ཤ་ཡའི་ནང་དམངས་གཙོ་ལ་ནང་འཁྲུག་དང་། རྔུལ་ཁྲག་གི་འགྲོ་གྲོན་གཏོང་མ་དགོས་པར། མང་ཚོགས་ལ་གསོལ་རས་སུ་གནང་བའི་རྒྱལ་ཁབ་གཉིས་ཡོད། གཅིག་ནི་བོད་དང་གཞན་དེ་འབྲུག་རྒྱལ་ཁབ་ཡིན། བོད་མི་ཚོ་བཙན་བྱོལ་དུ་འབྱོར་རྗེས། ༧གོང་ས་མཆོག་གིས་ཕྱི་ལོ་༡༩༦༢་ལོར་དམངས་གཙོ་གསོལ་རས་སུ་གནང་ཞིང་། ཕྱི་ལོ་༢༠༠༦ ལོར་འབྲུག་རྒྱལ་བོ་འཇིགས་མེད་སེང་གེ་དབང་ཕྱུག་གིས་ཀྱང་། འབྲུག་པ་མང་ཚོགས་ལ་དམངས་གཙོ་གསོལ་རས་སུ་གནང་། བཙན་བྱོལ་དང་རང་བཙན་གྱི་གནས་སྟངས་དང་། གསོལ་རས་སུ་གནང་བའི་དུས་རབས་མི་འདྲ་ནའང་། ཡུལ་ལུང་འདི་གཉིས་ལ་ཆབ་སྲིད་དང་ལམ་ལུགས་བཅོས་བསྒྱུར་གྱི་ཆ་ནས་ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི། ‘‘དམངས་གཙོ་གནམ་ནས་ལྷུང་བ་’’དེ་ཡིན། གློག་བརྙན་ནང་འབྲུག་གི་ ‘‘གནམ་ལྷུང་དམངས་གཙོ་’’དེ་གླེང་གཞི་གཙོ་བོ་དང་དེ་ཡང་ཧ་ཅང་ཞིབ་ཚགས་ཀྱིས་གླེང་ཡོད།
བཀླགས་གྲངས། 439
སྔོན་གླེང་། སྐྱ་གཅིག་ལ་བརྒྱུས་པའི་གཏམ་རྒྱུད་གསུམ།
«གྲྭ་བ་དང་མེ་མདའ་། / The Monk and The Gun » ནི། དཔའ་བོ་ཆོས་དབྱིངས་རྡོ་རྗེ་ལགས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། ཕབ་སྐྲུན་དང་སྒྲིག་སྦྱོར། འགྲེམ་སྤེལ་སོགས་ལ་འབྲུག་དང་ཨ་རི། ཧྥ་རན་སི། ཐེ་ཝན། ཧོང་ཀོང་སོགས་ཀྱིས་མཉམ་འབྲེལ་བྱས་པའི་གློག་བརྙན་ཞིག་རེད། གློག་བརྙན་འདིས་རྒྱལ་རྒྱུད་ལམ་ལུགས་ནས་དམངས་གཙོ་ལམ་ལུགས་ལ། གསར་དུ་ཁ་ཕྱོགས་བཞིན་པའི་འབྲུག་ཡུལ་གྱི་གཏམ་རྒྱུད་རྒྱབ་ལྗོངས་བྱས་ཤིང་། ཆབ་སྲིད་འཕོ་འགྱུར་གྱི་ཚོར་ཤུགས་རྣོ་བའི་སྐབས་དུས་གཅིག་ལ་བྱུང་བའི་གཏམ་རྒྱུད་གསུམ་གློག་བརྙན་གྱི་སྐྱ་ཐིག་གཅིག་ལ་བརྒྱུས་ཡོད། རླུང་འཕྲིན་ལས་དམངས་གཙོ་དང་འོས་བསྡུའི་སྐོར་གྱི་གསར་འགྱུར་ལ་ཉན་རྗེས། དགོན་པའི་མཁན་པོས་རང་གི་དགེ་ཕྲུག་བཀྲ་ཤིས་རི་གྲོང་དུ་མེ་མདའ་རིང་ཐུང་གཉིས་འཚོལ་བར་མངགས། ཞོར་ལ་ཚེས་ཆེན་བཅོ་ལྔའི་ཆོས་ཐོག་འཛུགས་པར་གྲ་སྒྲིག་བྱེད་བཞིན་པའི་སྐབས། ཨ་རི་བ་ཞིག་གིས་དྲ་ལམ་གྱི་བར་ཁེ་བ་བརྒྱུད་ནས། འབྲུག་ཡུལ་ནས་ལོ་ངོ་བརྒྱ་ཕྲག་བརྒལ་བའི་མེ་མདའ་རྙིང་བ་ཞིག་ཉོ་བར་འབད་བརྩོན་དང་། དུས་མཚུངས་ས་གནས་ཀྱི་དམངས་གཙོ་ཁྱབ་སྤེལ་གཏོང་མཁན་ཚོ་གཞི་རིམ་དུ་ཡོང་ནས། གྲོང་གསེབ་པ་ཚོར་འོས་བསྡུ་སྐོར་ལ་སློབ་སྟོན་དང་དངོས་སྦྱོང་སྤྲོད་བཞིན་ཡོད། ཟུར་ཁ་མི་འདྲ་བའི་གཏམ་རྒྱུད་གསུམ་སྐྱ་གཅིག་ལ་བརྒྱུས་པའི་གློག་བརྙན་འདི། ༢༠༢༤ ལོར་ངས་བལྟས་པའི་གློག་བརྙན་« གསའ་» སོགས། གཏམ་རྒྱུད་དང་དོན་བརྗོད་གློག་བརྙན་གསར་པ་ཁག་ཅིག་ཡོད་པའི་ཁྲོད་ཀྱི་རྩེ་ཕུད་ཀྱི་གྲས་ཡིན་འདོད་ཡོད།
གཏམ་རྒྱུད་གསུམ་གྱི་མི་སྣའི་རྒྱལ་ཁོངས་དང་ངོ་རྟགས། རྒྱབ་ལྗོངས་སོགས་ཀྱི་ཐད་ནས་ཀྱང་ཧ་ཅང་གི་དོན་སྙིང་ལྡན་པ་ཞིག་རེད།། སྲོལ་རྒྱུན་དང་དད་འདུན་གྱི་སྙིང་སྟོབས་མཚོན་པའི་དགོན་པའི་མཁན་པོ་དང་། ནུབ་ཕྱོགས་པའི་རིག་གནས་ལ་མཚར་འཛིན་གྱི་འདུ་ཤེས་ཆེ་ཞིང་། གློག་བརྙན་ «James Bond – 007» ནང་གི་མི་སྣ་དཔའ་བོར་བཀུར་བའི་གྲྭ་གཞོན་བཀྲ་ཤིས། གྲོང་གསེབ་དུ་རང་གི་ཁྱིམ་གཞིས་འཚོ་བ་དང་ནང་མི་ལ་སེམས་འཁུར་ཆེ་བའི་ཨ་མ། སྲིད་འཛིན་ཁན་ནེ་ཌི་(John Fitzgerald Kennedy) ནས་བཟུང་། མི་གྲངས་ལས་མེ་མདའི་གྲངས་འབོར་མང་བའི་ཨ་རིའི་ཡུལ་གྱི་གནའ་རྫས་མེ་མདའ་ཉོ་མཁན་གྱི་ཕྱི་རྒྱལ་བ་རོན། བློ་སྒོ་གཞན་ལས་ཅུང་ཡངས་པའི་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཡུལ་སྐོར་སྣེ་ཤན་པའམ་བར་ཁེ་བ་བྷེན་ཇི། དུ་དུང་འོས་བསྡུའི་རྒྱུན་ཤེས་ལ་གོ་རྟོགས་གཏིང་ཟབ་མེད་ཅིང་ལད་ཟློས་ལ་དགའ་བའི་དམངས་གཙོ་ཁྱབ་སྤེལ་བ། འོས་འཕེན་འགྲན་བསྡུར་ཁྲོད་འོས་འཐེན་ཁ་གཡང་མཐོན་པོར་སྒྲོག་ནའང་། གདམ་བྱའི་ཚོན་མདོག་ལ་རྨོངས་ཤིང་འོས་བསྡུའི་དེབ་སྐྱེལ་ཐོ་འགོད་སྐབས། རང་གི་སྐྱེས་ཚེས་ཚུན་ཆད་ཀྱང་མི་ཤེས་པའི་གྲོང་གསེབ་པ་སོགས། ཕྱོགས་གང་ཐད་ནས་བལྟས་ཀྱང་། གློག་བརྙན་འདིས་འབྲུག་ཡུལ་ལ་ཡོང་སྔ་བའི་དམངས་གཙོ་དེ་“ཟུར་འཇོག་”བྱས་མེད། ཕྱོགས་གཞན་ནས། གློག་བརྙན་འདིས་འབྲུག་ཡུལ་གྱི་དམངས་གཙོ་དང་འོས་བསྡུ་ཙམ་མིན་པར། བརྙན་ལམ་ལ་དྲངས་བའི་རང་གི་ཐུན་མོང་མིན་པའི་གཏམ་རྒྱུད་དང་མི་སྣའི་རྣམ་པ་བརྒྱུད་ནས། སྲོལ་རྒྱུན་དང་དེང་རབས། ཆོས་ལུགས་དང་ཆབ་སྲིད། འཁྲུག་རྩོད་དང་ཞི་བདེ། རྒྱུན་འཁྱོངས་དང་བཅོས་བསྒྱུར། ཕྱི་ཡོང་རིག་གནས་དང་ཡུལ་ལུང་རིག་གཞུང་སོགས་ཀྱི་སྐོར་ལའང་ཞིབ་ཚགས་ཀྱི་དབྱེ་ཞིབ་ཐེངས་གཅིག་བྱས་ཡོད།
གཏམ་རྒྱུད་ཀྱི་བྱུང་རིམ་བརྒྱུད་ནས་གློག་བརྙན་འདིས་ཕྱོགས་གཅིག་ནས། འབྲུག་པ་མང་ཚོགས་ཀྱི་གཞུང་དྲང་བབ་ཆགས་ཀྱི་འཚོ་བ་དང་། ཁོ་ཚོས་རང་གི་ཆོས་ལུགས་ལ་བཅིངས་པའི་ལྷད་མེད་པའི་དད་གུས་དང་བརྩི་འཇོག བྱ་དངོས་གསར་པ་ཁག་ལ་དང་ལེན་གྱི་ཐད་ནས་ཀྱང་། མཚར་འཛིན་གྱི་འདུ་ཤེས་ཧ་ཅང་ཟབ་པའི་སྟེང་། གུས་ཞབས་དང་སྐྲག་སྣང་གཉིས་ལྡན་གྱི་སེམས་ཚོར་ལྕི་བ། ཕྱོགས་གཞན་ནས་འབྲུག་པའི་གཞོན་སྐྱེས་ཚོས་དུས་རབས་ཀྱི་འགྱུར་བག་རྒོད་པོའི་ཁྲོད། ལག་འཁྱེར་ཁ་པར་བཀོལ་ཞིང་། ཆང་ཁང་དུ་འཛོམས་ནས་དེང་རབས་ཞབས་བྲོ་འཁྲབ་པ། རྒྱ་བལ་གྱི་ས་མཚམས་ནས་མེ་མདའ་དང་མྱོས་རྫས་ཀྱི་ལྐོག་ཚོང་གཉེར་བ། བཟང་ངན་ལ་མ་བལྟས་པར་དེང་རབས་ཅན་གྱི་འཚོ་བར་རེ་སྙེག་ཆེ་བ་སོགས། རྒན་རབས་དང་གཞོན་སྐྱེས། སྲོལ་རྒྱུན་དང་དེང་རབས། ཆོས་ལུགས་དང་ཆབ་སྲིད། ལྷག་པར་དུ་ ‘‘ཆོས་ས་ཆོས་ཡུལ་’’དང་ ‘‘དེང་རབས་རྒྱལ་ཁབ་’’དབར་གྱི་འགལ་ཟླ་དང་གདོང་ཐུག་དེ་ཡང་གསལ་སྟོན་བྱས་ཡོད། གློག་བརྙན་འདིས་གཏམ་རྒྱུད་ཀྱི་ཕྱོགས་ངོས་དང་མི་སྣའི་ཟུར་ཁ་མི་འདྲ་ས་ནས། དམངས་གཙོ་དང་འོས་བསྡུས་འབྲུག་གི་སྤྱི་ཚོགས་ལ་ཅི་ཞིག་འཁྱེར་ཡོང་ཡོད་མེད་དང་། འགྱུར་ལྡོག་གསར་པ་རེ་ལ་ངོ་གདོང་ཕྱོགས་སྐབས། མི་རེ་རེས་དེ་ལ་བཟུང་བའི་རྣམ་འགྱུར་དང་། བསམ་བློ་གང་འདྲ་ཡིན་མིན་གྱི་བསམ་གཞིགས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་དྲུད་ནས་ཡོང་ཡོད། འདི་ལྟ་བུའི་འགྱུར་ལྡོག་དེ་འབྲུག་ཡུལ་ལ་མཚོན་ན། དོན་དངོས་སུ་ཅི་ཞིག་མཚོན་གྱི་ཡོད་དམ། གལ་སྲིད་ཁྱེད་རང་ཡང་ང་དང་འདྲ་བར། གོང་འཁོད་གནད་དོན་དག་ལ་དོ་སྣང་ཡོད་ཚེ། གློག་བརྙན་འདི་ནི་ཧ་ཅང་གི་ལྟ་རིན་ལྡན་པ་ཞིག་རེད། རང་གི་གྲོགས་པོ་རྙིང་བ་ཞིག་གིས་ང་ཚོ་ལ། ཁོའི་འཚོ་བའི་གཏམ་རྒྱུད་བཤད་པ་དང་འདྲ་བར། དགོད་སྒྲ་དང་མིག་ཆུའི་ཁྲོད་ནས་ཁོའི་དགའ་སྐྱོ་འདྲེས་མའི་གཟུགས་བརྙན་དེ་རྙེད་དུ་འཇུག་ངེས་ཡིན།
གྲྭ་བ་དང་མེ་མདའ་། གློག་བརྙན་འདིའི་རྒྱུ་ཆ་དང་ཕབ་སྐྲུན་གྱི་ཆ་རྐྱེན་ཧ་ཅང་གི་ཞན་པོ་དང་ཐབ་ཆག་ཡིན་ནའང་། ལྷན་སྐྱེས་དང་རང་བྱུང་གི་མཚར་སྡུག་མངོན་པའི་ཁོར་ཡུག་དང་མི་སྣའི་འཁྲབ་སྟོན་གྱི་རྣམ་འགྱུར་ལས། བཅོས་མེད་ཀྱི་དངོས་བཤུས་གློག་བརྙན་ཞིག་གི་སྣངབ་་སྟེར། དགོན་པའི་མཁན་པོ་ལ་མེ་མདའི་དགོས་མཁོ་གང་ཡིན་གྱི་དོགས་འདྲི་ཞིག་དང་ལྷན་དུ། གློག་བརྙན་ཧྲིལ་བོར་ཧ་ཅང་དངངས་སྐྲག་ཅིག་གིས་བལྟས་ནའང་། གློག་བརྙན་མཇུག་སྒྲིལ་སྐབས། མེ་མདའི་སོ་མིག་ལ་དྲངས་བའི་མི་སྣ་རྣམས་ནི། གློག་བརྙན་འདིའི་བྲད་ཤ་སློང་བྱེད་ཀྱི་རྩེད་མཚར་ཙམ་ལས། དོན་དངོས་ནི་དེ་འདྲའི་སྟབས་བདེ་ཞིག་དང་བབ་ཆགས་ཤིག གློག་བརྙན་ཧྲིལ་བོའི་རིང་ངང་སྒུག་བྱས་པའི་དངངས་སྐྲག་གི་ “ཚུར་ལྡོག་སྣང་ཚུལ་”དེ་བྱུང་མེད་ལ། ལྟ་མཁན་ཚོར་རེ་ཆད་དང་བློ་ཕམ་དེ་བས་ཀྱང་བྱུང་དུ་བཅུག་མེད། མཇུག་བསྡུ་ཡང་ཧ་ཅང་གི་མི་ཆོས་གནས་ལུགས་དང་འཚམ་ཞིང་། མི་སེམས་ལ་རེ་བ་དང་སྤྲོ་བ་འཕེལ་བ་ཞིག་རེད། ད་དུང་འབྲུག་པ་ཚོས་དམངས་གཙོ་ལ་ ‘‘ཕག་ནད་གསར་པ་’’དང་། ཨ་རིའི་རྩ་ཁྲིམས་ལ་ ‘‘ཨ་རིའི་བཀའ་འགྱུར་’’སོགས་གློག་བརྙན་འདིའི་འཁྲབ་ཚིག་གི་ངོས་དང་། རང་གི་སྐྱེས་ཚེས་མི་ཤེས་པ་དང་ཤིང་བརྐོས་ཕོ་མཚན་དམར་ལྡང་མའི་བྱ་དགའ་སྤྲོད་པ་ལྟ་བུ་སོགས་ནང་དོན་གྱི་ངོས་སྟེ། བརྙན་ཚན་རེ་རེའི་ནང་གི་རྩེད་མཚར་དང་ཟུར་ཟའི་རྣམ་པ་དག་ནི་མི་ལ་ཅི་འདྲའི་འཚར་སྣང་སྟེར་ཞིང་། དགོད་བྲོ་ལ་ཡིད་ངོར་ལྷུང་བ་ཞིག་མ་ཡིན་ནམ།
གཅིག དམངས་གཙོ། འབྲུག་རྒྱལ་བོའི་གསོལ་རས།
ཨ་རི་དང་ཧྥ་རན་སི་སོགས་བྱང་ཨ་མེ་རི་ཁ་དང་། ནུབ་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་གསར་བརྗེ་དང་མི་འདྲ་བར། ཤར་ཨེ་ཤ་ཡའི་ནང་དམངས་གཙོ་ལ་ནང་འཁྲུག་དང་། རྔུལ་ཁྲག་གི་འགྲོ་གྲོན་གཏོང་མ་དགོས་པར། མང་ཚོགས་ལ་གསོལ་རས་སུ་གནང་བའི་རྒྱལ་ཁབ་གཉིས་ཡོད། གཅིག་ནི་བོད་དང་གཞན་དེ་འབྲུག་རྒྱལ་ཁབ་ཡིན། བོད་མི་ཚོ་བཙན་བྱོལ་དུ་འབྱོར་རྗེས། ༧གོང་ས་མཆོག་གིས་ཕྱི་ལོ་༡༩༦༢་ལོར་དམངས་གཙོ་གསོལ་རས་སུ་གནང་ཞིང་། ཕྱི་ལོ་༢༠༠༠ ལོར་འབྲུག་རྒྱལ་བོ་འཇིགས་མེད་སེང་གེ་དབང་ཕྱུག་གིས་ཀྱང་། འབྲུག་པ་མང་ཚོགས་ལ་དམངས་གཙོ་གསོལ་རས་སུ་གནང་། བཙན་བྱོལ་དང་རང་བཙན་གྱི་གནས་སྟངས་དང་། གསོལ་རས་སུ་གནང་བའི་དུས་རབས་མི་འདྲ་ནའང་། ཡུལ་ལུང་འདི་གཉིས་ལ་ཆབ་སྲིད་དང་ལམ་ལུགས་བཅོས་བསྒྱུར་གྱི་ཆ་ནས་ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི། ‘‘དམངས་གཙོ་གནམ་ནས་ལྷུང་བ་’’དེ་ཡིན། གློག་བརྙན་ནང་འབྲུག་གི་ ‘‘གནམ་ལྷུང་དམངས་གཙོ་’’དེ་གླེང་གཞི་གཙོ་བོ་དང་དེ་ཡང་ཧ་ཅང་ཞིབ་ཚགས་ཀྱིས་གླེང་ཡོད།
འབྲུག་ཡུལ་ནི་དཔལ་འབྱོར་འཕེལ་རྒྱས་ཞན་ཅིང་། ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་ཀྱི་མི་གཤིས་མཐུག་པའི་ཡུལ་ལུང་ཞིག་ཡིན། བཀག་སྡོམ་དང་རྗེས་ལུས་ཀྱི་དབང་གིས། འཛམ་གླིང་ནང་བརྙན་འཕྲིན་འཕྲུལ་ཆས་དང་། བརྡ་འཕྲིན་དྲ་རྒྱ་བེད་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་མཐའ་མ་དེ་ཡང་ཡིན། འབྲུག་རྒྱལ་བོས་དམངས་གཙོ་གསོལ་རས་སུ་གནང་ནས། སྤྱི་ཚོགས་བཟོ་ལས་ཅན་གྱི་ཁ་ཕྱོགས་སུ་བསྒྱུར་སྐབས་དེར། འབྲུག་ཡུལ་ནི་དཔལ་འབྱོར་ཧ་ཅང་གི་རྗེས་ལུས་དང་། ཕྱི་དངོས་པོའི་རྨང་གཞི་དཀོན་པའི་ཐོག མང་ཚོགས་ཀྱིས་ད་དུང་ཡང་དངོས་པོའི་འབྱོར་ཕྱུག་གིས་བསྐྱེད་པའི་‘‘བདེ་སྐྱིད་’’དེ་ཚོར་མེད། མེ་མདའ་བཙོང་མཁན་གྱི་རྒད་པོ་ལྟར། འདོད་ཆུང་གི་འཚོ་བའི་ཁོར་ཡུག་ཏུ། སྒོར་མོ་ལ་དངོས་ཡོད་ཀྱི་རིན་ཐང་གང་ཡང་མེད། ཨ་རི་བ་དེས་ཨ་སྒོར་ཁྲི་འགའ་ཤས་བྱིན་ནས་གནའ་རྫས་སུ་གྱུར་བའི་མེ་མདའ་དེ་ཉོ་སྐབས། བསམ་ཡུལ་ལས་འདས་པ་ནི། བཙོང་མཁན་རྒད་པོས་ཆེ་དྲགས་པར་བསམ་ནས་རང་འགུལ་གྱིས་རིན་གོང་མར་བཅགས། མཐའ་མར་ཡང་ཕྱི་རྒྱལ་བ་དེ་དང་ཚོང་དམ་ཚིག་ལ་མ་གནས་བར། ལམ་ཧྲིལ་བོར་གནའ་དུས་སྨན་རྫས་དང་དེང་སང་མྱོས་རྫས་ཡིན་པའི་རྡོ་མ་(གོ་ཡུ་)ལྡད་མཁན་གྱི་གྲྭ་གཞོན་བཀྲ་ཤིས་ལ་རྡོ་མ་ཁུག་ཆུང་གང་དང་བརྗེས། ཨ་སྒོར་ཁྲི་འགའ་ཤས་དང་རྡོ་མ་ཁུག་ཆུང་གང་། གྲྭ་བའི་ལག་ནས་དངུལ་རིན་བླངས་ན་རྟེན་འབྲེལ་མི་ལེགས་པ། དངུལ་སྒོར་གྱི་ཤེད་ཤུགས་ལས་བླ་མའི་སྐུ་དྲིན་དྲན་པ། གཞན་ལ་བཙོང་བ་ལས་དགོན་པར་འབུལ་བ། རྒད་པོས་རང་གི་དད་པ་དང་བསམ་པའི་འགྱུར་བག་དང་བསྟུན་ནས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དག་འདེམས་ཡོད།
དབུལ་ཕོངས་ཀྱི་ཁྲོད་དུ་མི་སྒེར་གྱི་འདོད་པ་མི་ཆེ་ཞིང་། སྒེར་བའི་ཐོབ་ཐང་གི་འདུ་ཤེས་ཡང་ཞན་པའི་ཐོག སྤྱི་བའི་དབང་ཆ་འཛུགས་པའི་བསམ་བློ་ཡང་ཧ་ཅང་གི་ཆུང་ཆུང་ཡིན། ནང་ཆོས་ཀྱིས་བསྐྲུན་པའི་དད་འདུན་དང་བག་ཆགས་དེས། འབྲུག་གི་འཇིག་རྟེན་དེ་ད་དུང་ཡང་ཞི་བདེ་དང་ལྷིང་འཇགས་ནང་གནས་ཡོད། ཕྱིའི་དངོས་བོ་དང་དཔལ་འབྱོར་གྱི་འཁོས་ཁ་ཞན་པའི་རྒྱལ་ཁབ་འདིར། དམངས་གཙོ་དང་ལྷན་དུ་བཟོ་ལས་དར་རྒྱས་དང་། བཟོ་ལས་དར་རྒྱས་དང་ལྷན་དུ་དཔལ་འབྱོར་འགྲན་རྩོད། དཔལ་འབྱོར་འགྲན་རྩོད་ནང་སླེབས་ཤིང་། དངོས་པོའི་དཔལ་འབྱོར་དབང་ཆའི་རྒྱ་སྐྱེད་ལ་འགྲོགས་དགོས་པའི་ཆོས་ཉིད་དེས། འབྲུག་པ་ཚོས་ད་དུང་ཡང་ཚོང་བདག་རྒད་པོ་དེ་བཞིན། ཕྱི་མ་ཕྱི་མ་དག་འདེམ་སྲིད་དམ། གློག་བརྙན་འདིའི་ཁུགས་དང་ཟུར་ན། འདི་འདྲའི་དགོད་བྲོ་ལ་ངུ་ཡང་སྐྱེན་པའི་གཏམ་རྒྱུད་དང་བསམ་གཞིགས་ཧ་ཅང་མང་།
‘‘འབྲུག་ཡུལ་ནས་ཡོང་བའི་« གྲྭ་བ་དང་མེ་མདའ་» ནི་དམངས་གཙོ་ལ་ཟུར་ཟའི་བརྩམས་ཆོས་ཤིག་དང་། དངོས་ཡོད་འཚོ་བ་དང་ཧ་ཅང་གི་བར་ཐག་ཉེ་བའི་གློག་བརྙན་ཞིག་རེད’’ཅེས་དང་། ‘‘ཕྱི་དངོས་པོའི་མཐུན་རྐྱེན་དཀོན་པའི་གྲོང་གསེབ་ཆུང་ཆུང་དེར། དེང་རབབས་ཤེས་རིག་གི་རྨང་གཞི་ཞན་ནའང་། ཁོ་ཚོས་སྲིད་དོན་གྱི་འགྲན་རྩོད་རྒོད་ཅིང་། ལམ་ལུགས་ཀྱི་རིག་གཞུང་ཟབ་པའི་དམངས་གཙོ་ལ་རྩེད་མོ་རྩེ་བཞིན་ཡོད།’’ གློག་བརྙན་འདི་ལ་བལྟས་རྗེས། ཧྥ་རན་སིའི་ རང་དབང་གསར་ཤོག་ (La Liberation) སྟེང་། གློག་བརྙན་དཔྱད་བརྗོད་པ་ཨོ་ལི་བེར (Olivier Wyser) ལགས་ཀྱིས་སྡོམ་ཚིག་འདི་བཞག་ཡོད། དམངས་གཙོའི་དགོས་འདོད་ཆུང་བའི་གཤིན་སའི་ཐོག འུད་དང་བཅས་དམངས་གཙོ་ཁྱབ་སྒྲོག་ནི་དངོས་ཡོད་ཅིག་དང་། ལྟོས་ཚོད་དང་མཐོང་སྣང་ལ་ཧ་ཅང་གི་སྙིང་རྗེ་བོ་ཡོད་ནའང་། དོན་དངོས་སུ་དེ་ཡང་ཚུལ་མིན་ལུགས་འཆལ་གྱི་སྐྱོ་གར་ཞིག་ཅི་ལ་མིན། གྲོང་གསེབ་དུ་ཡོད་པའི་བུ་མོ་ཆུང་ཆུང་དེའི་ཕ་མ་གཉིས་ནི། སྐབས་འདིའི་དཔེ་མཚོན་ཡག་ཤོས་དེ་ཆགས་ཡོད། ཨ་མས་‘‘ང་ཚོ་འདི་ལྟར་བསྡད་ན་ཧ་ཅང་སྐྱིད་པོ་ཡོད། ག་རེ་བྱས་ནས་དམངས་གཙོའི་ལམ་ནས་དེང་རབས་ཅན་དུ་འགྲོ་དགོས་པ་རེད།’’ཟེར། བརྙན་འཕྲིན་ནང་གི་མི་ཆེན་དཔོན་ཆེན་ཚོའི་དམངས་གཙོའི་གཏམ་བཤད་དང་། མོའི་ཉེ་འཁོར་གྱི་འོས་བསྡུ་དྲིལ་བསྒྲགས་དེས། དམངས་གཙོ་ནི་ཁོ་མོར་མཚོན་ན། ཕྱོགས་རེས་འཐེན་འཁྱེར། གཅིག་མཚང་གཅིག་འབྲུ། ཕན་ཚུན་བསམ་གནག་ལྐོག་གནོད། ད་དུང་དམངས་གཙོ་དང་འོས་བསྡུས་མི་རྣམས་ཀྱི་བྱམས་སེམས་བརླགས་བཅུགས་ཤིང་། དེ་སྔའི་འཚོ་བའི་གོ་རིམ་དག་བཅོམ་པར་ངོས་འཛིན་བྱེད། གལ་སྲིད་དམངས་གཙོའི་ཆེད་དུ། ཤ་དང་རུས་ལ་འཐིམ་པའི་བཟང་སྤྱོད་ཀྱིས་མཚོན་པའི་རིག་གཞུང་དང་སྲོལ་རྒྱུན། དེས་བསྐྱེད་པའི་ད་ཡོད་ཀྱི་བདེ་སྐྱིད་དོར་དགོས་ཚེ་ཁེ་ལས་གྱོང་ཆེ་བར་འདོད་ཡོད། འོན་ཀྱང་། རང་གི་བུ་མོར་སློབ་སྦྱོང་གི་ཡོ་ཆས་ཐད་ནས། འགྱིག་བསུབ་ཙམ་ཡང་ཉོ་མ་ཐུབ་པར། ཚབ་ཏུ་ཕྱིས་རས་བེད་སྤྱོད་བྱེད་དུ་མཇུག་མཁན་གྱི་ཕ་རྒན་ལ་མཚོན་ན། དམངས་གཙོ་དང་འོས་བསྡུ་ནི་རང་གི་ཕྱུག་འགྱུར་རྨི་ལམ་མངོན་འགྱུར་ཡོང་ཐབས་ཀྱི་ལམ་བུ་སྟེ། རང་གི་རྒྱབ་སྐྱོར་བྱེད་སའི་འོས་མི་ལ་རྒྱལ་ཁ་འཐོབ་ན། ཁས་ལེན་བྱས་པ་ལྟར་ཁྱིམ་ཚང་གྲོང་ཁྱེར་དུ་སྤོས་ནས། བདེ་སྐྱིད་ཀྱི་འཚོ་བར་རོལ་རྒྱུ་དེ་ཡིན། ཁོས་རང་གི་གྲོང་གསེབ་ཀྱི་ཁ་གཏད་འོས་མིར་རྒྱབ་སྐྱོར་བྱས་པ་དེས། གྲོང་ཚོ་དེའི་ངོ་ལོག་པ་ཆགསས་ཤིང་། མི་ཚང་མས་ཁོ་སྤྱི་ཚོགས་ལས་ཟུར་བཅད་དུ་བཞག ཆུང་མའི་ནང་མིས་ཁོ་ལ་ཁ་མི་གྲགས་པ་དང་། རང་གི་བུ་མོས་སློབ་གྲྭའི་ནང་སློབ་གྲོགས་ཚོའི་མཐོང་ཆུང་དང་བརྙས་བཅོས་མྱངས་དགོས་བྱུང་ཡོད། འོན་ཀྱང་། ཁོ་མུ་མཐུད་ནས་རང་གི་ཕྱུག་འགྱུར་རྨི་ལམ་གྱི་ལམ་བུ་དེར་ཞུགས། སྔོན་ཆད་ཞི་འཇགས་དང་འཆམ་མཐུན་ཡིན་པའི་གྲོང་ཚོ་དེར། འདི་ལྟར་འགལ་འདུ་དང་འཐབ་རྩོད་ཀྱིས་ཁེངས།
གཏམ་རྒྱུད་ཀྱི་བྱུང་བ་འདི་དག འབྲུག་ཡུལ་དུ་དམངས་གཙོ་བཅོས་བསྒྱུར་གྱི་ཐོག་མའི་སྣང་ཚུལ་སྟེ། འབྲུག་ཡོངས་རྫོགས་ནི་གྲོང་ཁྱེར་ནང་གསར་དུ་འཛུལ་མ་ཐག་པའི་ཞིང་བ་ཞིག་དང་འདྲ་བར། དངོས་པོ་གསར་པ་ཚང་མར་མཚར་སྣང་དང་རྨོངས་སྣང་འདྲེས་མར་སྐྱེས་བཞིན་ཡོད། གལ་སྲིད་ཡར་རྒྱས་ནི་བཟང་སྤྱོད་དང་འབྲེལ་མེད་ཡིན་པ་གླེང་དགོས་ཚེ། དེའི་སྔོན་འགྲོ་ནི་མང་ཚོགས་ཀྱི་རྟོགས་པ་སད་དགོས་པ་དེ་ཡིན། འོན་ཀྱང་། རྟོགས་པ་སད་པ་དེས་ངེས་པར་དུ་བཟང་སྤྱོད་ཡར་རྒྱས་སུ་འགྲོ་བ་མཚོན་མི་ཐུབ་ལ། སྐབས་རེར་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཀྱང་ཐོན་གྱི་ཡོད། དེ་བཞིན། ང་ཚོས་གསར་བ་ཞིག་དང་ལེན་བྱེད་པའི་སྐབས་སུ། རྙིང་བ་མང་བོ་ཞིག་རང་བཞིན་གྱིས་ཤོར་གྱི་ཡོད་ལ། ང་ཚོ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་སྐབས། རིམ་བཞིན་སྲོལ་རྒྱུན་གྱི་ཕྱོགས་ལ་གྱེས་ཕྱག་གཏོང་བཞིན་ཡོད། གློག་བརྙན་ནང་། ལམ་བར་གྱི་ཇ་ཁང་ནང་གི་སངས་རྒྱས་ཀྱི་སྐུ་ཐང་དེ། གློག་བརྙན་ « James Bond – 007 » གྱི་ཁྱབ་སྒྲོག་བརྙན་པར་ལ་བརྗེས་པ་དེས། རྩེད་མཚར་དང་ཟུར་ཟའི་ལྷན་དུ། འབྲུག་པ་ཚོ་འདས་ཟིན་པའི་ལོ་ཟླའི་ནང་བསྐྱར་ལོག་བྱེད་མི་ཐུབ་པ་བསྟན་ཡོད། འགྱུར་བ་འདིར་འགྲིག་དང་ནོར་གྱི་སྐད་ཆ་གང་ཡང་མེད་པར། དེ་རང་ཉིད་ལ་འཚམ་མིན་ཙམ་ཡིན། གློག་བརྙན་ལས་དངོས་ཡོད་ཀྱི་སྣང་ཚུལ་འདི་གསལ་བོར་མངོན་ཡོད། དེ་བཞིན་གློག་བརྙན་ནང། འབྲུག་ཡུལ་གཞུང་གིས་ཆོས་ལུགས་བེད་སྤྱད་ནས། མང་ཚོགས་ཀྱི་བསམ་བློར་ཚོད་འཛིན་དང་། དབང་བསྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། བཅོས་བསྒྱུར་ཀྱི་དུས་རབས་ནང་འཕྲད་པའི་འགོག་རྐྱེན་དང་དཀའ་ངལ། སྲོལ་རྒྱུན་རིང་ལུགས་དང་རང་དབང་རིང་ལུགས་བར་གྱི་བསམ་བློའི་འཐབ་རྩོད་སོགས། ཐ་ན་གྲོང་གསེབ་མི་མང་གི་འཚོ་བའི་ནང་དུའང་འདྲེས་ཡོད་པ་ཤུགས་ལ་མཚོན་ཐབས་བྱས་ཡོད།
གློག་བརྙན་གྱི་མཇུག་ཏུ། མེ་མདའ་གསར་རྙིང་གསུམ་མཆོད་རྟེན་གསར་བཞེངས་ཀྱི་གཟུངས་འཇུག་ལ་གཏེར་དུ་སྦས་ཤིང་། གྲོང་མི་ཚོས་དགའ་སྟོན་རྟེན་འབྲེལ་གྱི་གླུ་ལེན་གར་རྩེད་ལ་རོལ་བཞིན་པའི་སྐབས། བརྙན་ངོས་ནས་ ‘‘འབྲུག་གི་ལམ་ལུགས་བཅོས་བསྒྱུར་མཇུག་སྒྲིལ་ཅིང་། ད་ལྟའི་འབྲུག་ཡུལ་ནི་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་’’ པ་ཡི་གེའི་ལམ་ནས་འཆར་ནའང་། དེའི་རྗེས་ཀྱི་བརྙན་རིས་ནང་སྨག་རིམ་ཁྲོད་ནས་ཟླ་བ་གསར་དུ་འཕགས་བཞིན་པ་དེས། སྤྱི་ཚོགས་ཀྱི་འགྱུར་བ་མགོ་བཙུགས་ཙམ་དང་། ད་དུང་ཡང་མུན་ནག་ཆེན་པོ་ཞིག་གསལ་བར་བྱེད་དགོས་པ་མ་ཟད། འཁྲབ་འཁྲིད་པས་སྒྱུ་རྩལ་མཚོན་ཐབས་ཀྱི་བརྙན་རིས་འདི་བརྒྱུད་ནས། འབྲུག་པ་མང་ཚོགས་ཀྱིས་‘‘རྒྱལ་བོའི་གསོལ་རས་’’ལ་ལོངས་སུ་སྤྱོད་པར། ནུབ་ཕྱོགས་པ་ལྟར་ནང་འཁྲུག་དང་ལུས་ཀྱི་རྔུལ་ཁྲག་གཏོང་མི་དགོས་ནའང་། ཤར་ཕྱོགས་པའི་སེམས་ཀྱི་ནང་འཁྲུག་དང་རྔུལ་ཁྲག་གཏོང་དགོས་པའི་བརྡ་ལན་སྤྲད་ཡོད། ཉེ་དུས་ཀྱི་བཅར་འདྲི་ཞིག་གི་སྐབས། འཁྲབ་འཁྲིད་པ་ཆོས་དབྱིངས་རྡོ་རྗེ་ལགས་ཀྱིས་ ‘‘འབྲུག་ལ་དམངས་གཙོ་ལག་བསྟར་བྱས་ནས་ད་བར་མི་ལོ་བཅོ་ལྔ་ཕྱིན་ཡོད་ཀྱང་། དེ་རིང་ད་དུང་ཡང་སྔོན་མ་ལྟར་དམངས་གཙོ་སྔ་ཐལ་བའི་སྣང་ཚུལ་འོག་གནས་ཡོད་’’ཚུལ་གསུངས་ཡོད།
གཉིས། ལད་ཟློས་འོས་བསྡུ།
གལ་ཏེ་ «གྲྭ་བ་དང་མེ་མདའ་» འདི་གློག་བརྙན་གྱི་རིགས་ཆུང་བ་གང་རུང་དུ་ཕྱེས་དགོས་ཚེ། ངས་རྩེད་མཚར་དང་ཟུར་ཟ་འདྲེས་མའི་ ‘‘དགོད་བརྙན་’’གྱི་རིགས་སུ་གཏོགས་པར་ངོས་འཛིན་བྱེད་ངེས། འབྲུག་རྒྱལ་བོས་དམངས་གཙོ་གསོལ་རས་སུ་གནང་རྗེས། དམངས་གཙོ་ལག་ལེན་དང་གོམ་གང་མདུན་སྤོས་ཀྱི་འཕེལ་རྒྱས་ཆེད་དུ། འབྲུག་རྒྱལ་ཡོངས་སུ་ལད་ཟློས་འོས་བསྡུ་ཞིག་བྱེད་མགོ་ཚུགས། གློག་བརྙན་ནང་གི་ཨོ་རྭ་(Ura) གྲོང་ཚོ་ཡང་དེ་ལས་མ་འདས། ཁོ་ཚོས་ལད་མོ་བྱེད་ས་ནི་འཛམ་གླིང་སྟེང་གི་དམངས་གཙོའི་སྟོབས་ཆེན་རྒྱལ་ཁབ་སྟེ། མངའ་སྡེ་མཉམ་འབྲེལ་གྱི་ཨ་མེ་རི་ཁ་ཡིན། ཡུལ་མཐའ་འཁོབ་དུ་གནས་པའི་འབྲུག་གི་གྲོང་གསེབ་དཀྱུས་མ་ཞིག་ཏུ། ཨ་རིའི་རིང་ལུགས་ཀྱི་འོས་བསྡུ་ལག་བསྟར་ནི་རྩེད་མཚར་ཞིག་དང་། བརྙན་ཚན་འདིའི་ནང་དུ། འཁྲབ་འཁྲིད་པས་ལོ་ངོ་༧༢ རིང་དམངས་གཙོ་ལག་ལེན་བྱས་ཤིང་། དེའི་རིང་ལ་སྔ་ཕྱིར་འོས་བསྡུ་ཐེངས་༡༨ ལྷག་བརྒྱུད་ནས་བྱུང་བའི་། རྙིང་ཞེན་མཁྲེགས་འཛིན་གྱི་སྤྱི་མཐུན་དང་རང་དབང་རྩོད་ལེན་གྱི་དམངས་གཙོ་ཚོགས་པ་གཉིས་ལས་གྲུབ་པའི་ཨ་རི་དང་། དམངས་གཙོའི་ཆབ་སྲིད་ལམ་ལུགས་ལ་གོ་རྟོགས་གང་ཡང་མེད་ཅིང་། དེང་རབས་དུས་ཚོད་ཀྱི་འདུ་ཤེས་དབེན་པའི་ཨོ་རྭ་གྲོང་ཚོ་གཉིས་ལྷན་དུ་སྦྱར་བ་ནི། མ་གཞི་ནས་རྩེད་མཚར་ཞིག་དང་ཟུར་ཟ་ཞིག་ཅི་ལ་མིན།
ལད་ཟློས་འོས་བསྡུ་འདིའི་ཁྲོད་དུ་། ད་རུང་དགོད་བྲོ་བའི་རྩེད་མཚར་དང་ཟུར་ཟའི་རིགས་མང་ཙམ་བྱུང་ཡོད། འདིའི་དགོད་བྲོ་ས་ནི་དེང་རབས་སྤྱི་ཚོགས་ནང་ང་ཚོར་གོམས་འདྲིས་སུ་གྱུར་བའི་སྤྱི་འགྲོས་རྣམས། དམངས་སྲོལ་གྱི་གོམས་གཤིས་ཟབ་པའི་འབྲུག་གི་གྲོང་གསེབ་ནང་ལག་བསྟར་བྱེད་སྐབས། ཕྱོགས་ངོས་མང་བོ་ཞིག་ནས་ཕན་ཚུན་འགལ་འདུ་དང་གདོང་ཐུག་ཤོར་བ་ལས་བྱུང་ཡོད་པ་དག་ཡིན། འོས་བསྡུའི་ཐོ་འགོད་སྐབས། ལས་བྱེད་མི་སྣས་གྲོང་མི་ཚོར་སྐྱེས་ལོ་སྐྱེས་ཚེས་འདྲི་སྐབས། ཁོ་ཚོས་རང་ཉིད་‘‘ཤིང་ཡོས་ལོ་’’དང‘‘ཆུ་གླང་ལོ།’’ ཡང་ན་‘‘ས་སྟག་ལོ་’གང་རུང་ལ་སྐྱེས་པར་བཤད་པའམ། ‘‘ཕ་མའི་བཤད་ཚུལ་ལ། ང་མངའ་བདག་རྒྱལ་བོ་མཆོག་དགུང་ལོ་བཅོ་ལྔར་ཕེབས་སྐབས་སྐྱེས་པ་རེད་’’ཟེར་བ། ད་དུང་‘‘འབྲེལ་བ་མེད་པའི་གནས་ཚུལ་འདིའི་རིགས་ཀྱིས་ཅི་ཕན་’’ཟེར་ནས་སུན་སྣང་བྱེད་པ་སོགས་ལས། དེང་རབས་དང་དམངས་གཙོའི་འོས་བསྡུ་ལ་མཁོ་བའི་སྐྱེས་ལོ་སྐྱེས་ཚེས་ཤིག་ཀྱང་བཤད་རྒྱུ་མེད། དམངས་གཙོ་དང་འོས་བསྡུ་སྒོ་འགྲམ་དུ་སླེབས་ཡང་། གྲོང་གསེབ་འདིས་ད་དུང་ཡང་རང་གི་དམིགས་བསལ་གྱི་‘‘ལི་ཐོ་’’དེ་སྤྱོད་བཞིན་ཡོད། འོས་བསྡུ་ལས་བྱེད་པས། རང་གི་སྐྱེས་ཚེས་ཀྱང་བཤད་རྒྱུ་མེད་པའི་གྲོང་མི་ཚོ། ཨ་རིའི་སྤྱི་མཐུན་དང་དམངས་གཙོ་ཚོགས་པའི་བར་གྱི་[འགྲན་རྩོད་དམངས་གཙོ་]ལ་དཔེ་བལྟས་ནས། ཚོན་མདོག་དམར་པོ་དང་སྔོན་པོ། སེར་པོ་སོགས་ཆབ་སྲིད་ཚོགས་པ་གསུམ་དུ་བགོས། དམར་པོས་བཟོ་ལས་ཡར་རྒྱས་དང་། སྔོན་པོས་རང་དབང་འདྲ་མཉམ། སེར་པོས་རྒྱུན་སྲོལ་སྲུང་སྐྱོབ་མཚོན་པར་བཤད་རྗེས། གྲོང་མི་རྣམས་ལ་རང་གི་སྲིད་དོན་ཚོགས་པའི་ཆེད་རྒྱབ་སྐྱོར་སྐད་འབོད་བྱེད་དུ་བཅུགས། ‘‘ང་ཚོ་ལ་དམར་པོ་དགོས། ང་ཚོ་ལ་སྔོན་པོ་དགོས། ང་ཚོ་ལ་་་་་་་་’’ གྲོང་མི་ཚོས་འདི་ལྟར་སྐད་འབོད་བྱས་ཀྱང་། ལས་བྱེད་ཚོའི་ཡིད་མ་ཚིམས་ཤིང་འདོད་བློ་མ་ཁེངས། ཁོ་ཚོས་འོས་བསྡུའི་རྣམ་པ་ཛ་དྲག་དང་རྣོ་ངར་ཅན་དུ་གཏོང་སླད། ཡང་བསྐྱར་ཚོགས་པ་ཁག་བར་ཕན་ཚུན་སྐྱོན་བརྗོད་དང་འཚང་འབྲུ། ངོ་རྒོལ་དང་འཐབ་རྩོད། དགྲ་འཛིན་དང་སྡང་སེམས་བྱེད་དགོས་པའི་སྐུལ་མ་ཡང་བྱས། ཤོག་ཁག་བར་གྱི་འོས་བསྡུའི་འགྲན་རྩོད་ཀྱིས་ཨར་ལ་གཏད་པའི་ཨ་མ་རྒན་མོ་ཞིག་གིས། འོས་བསྡུའི་ལས་བྱེད་ཚོར་‘‘ང་ཚོ་ཧ་ཅང་གི་བདེ་སྐྱིད་དང་འཆམ་མཐུན་ཡིན་པ་ལ། ཁྱོད་ཚོས་ག་རེ་བྱས་ནས་ང་ཚོར་འཁོན་འཛིན་དང་ངན་སྨྲས་སློབས་ཀྱི་ཡོད་’’ཟེར། སྐད་ཆ་ཐུང་ཐུང་འདི་ལ་བརྙན་ངོས་ནས་དུས་ཡུན་སྐར་ཆ་གསུམ་ཙམ་ལས་མེད་ནའང་། དེས་གློག་བརྙན་ཧྲིལ་བོར་ཁྱབ་པའི་བསམ་གཞིགས་མཐུག་པོ་དེ་དྲུད་ནས་ཡོང་ཡོད། ཨ་རི་ལྟ་བུར་མཚོན་ན་འོས་བསྡུའི་འགྲན་རྩོད་ཀྱི་སྣང་ཚུལ་འདི་རྒྱུན་ལྡན་ཡིན་ཡང་། ལམ་ལུགས་ལ་འགྱུར་བ་བཏང་མྱོང་མེད་པའི་འབྲུལ་ཡུལ་ལ་མཚོན་ན། བྱེད་ཐབས་འདི་དམངས་གཙོ་ཡིན་ནམ། ཡང་ན། ཕན་ཚུན་འགལ་ཟླ་དང་ནང་ཁུལ་ཁ་བྲལ་དུ་གཏོང་བ་ཡིན། རྩེད་མཚར་དང་ཟུར་ཟའི་རིགས་ད་དུང་ཡང་མང་།
འབྲུག་ཡུལ་ནང་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་གྱི་གནས་ཚུལ་དེ་འཛམ་གླིང་ལ་ཁྱབ་རྗེས། རྒྱལ་སྤྱིའི་གསར་ལམ་གྲགསས་ཅན་BBC དང་CNN ད་དུང་Al jazeera སོགས་ཀྱིས་ཀྱང་གནས་ཚུལ་སྤེལ་རྒྱུ་ཡིན་པའི་བརྡ་ལན་འབྱོར། བཟང་ཕྱོགས་ཀྱི་གནས་ཚུལ་འདི་འོས་བསྡུའི་ལས་བྱེད་ཚོར་གནོན་ཤུགས་ཤིག་ཏུ་གྱུར། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲུག་ཡུལ་གྱི་དམངས་གཙོའི་བཅོས་བསྒྱུར་དེ་ཡང་དག་ཡིན་པ་སྟོན་སླད། འོས་བསྡུའི་ཉིན་མོར་མང་ཚོགས་གང་མང་འཛོམས་ནས་ཆ་ཤས་ལེན་ཐབས་བྱེད་རྒྱུ་དེ། ཁོ་ཚོའི་མ་མཐར་ཡང་ཁག་ཐེག་དགོས་པའི་ལས་འགན་ཆགས། སྐྱེས་ལོ་སྐྱེས་ཚེས་གསལ་བོར་མི་ཤེས་པ་དེས་ཐོ་འགོད་བྱེད་མཁན་མང་བོ་མ་བྱུང་། ལས་བྱེད་མི་སྣ་ཚོས་རང་ཉིད་ནས་མགོ་བཙུགས་ཏེ་ཐོ་འགོད་བྱས་ཤིང་། གྲོང་ཚོའི་ཁྱིམ་སྒོ་རེ་རེ་ཉུལ་ནས་ཐོ་འགོད་གྲངས་ལེན་བྱས་ཀྱང་བརྒྱ་ཆའི་བཅུ་ཙམ་ཡང་མ་ལོན། འུ་ཐུག་པའི་སྐབས་དེར། འོས་བསྡུ་འགན་འཛིན་གྱིས་ལམ་བར་ནས་གྲྭ་གཞོན་བཀྲ་ཤིས་དང་ཁ་བརྡ་བྱས་པའི་ཁྲོད། དགོན་པའི་མཁན་པོས་ཚེས་ཆེན་བཅོ་ལྔའི་ཉིན་དགེ་སྐུལ་ཆོས་ཐོག་ཅིག་འཛུགས་འཆར་ཡོད་པ་དེ་དྲན། འབྲུག་ཡུལ་ནང་དམངས་ཁྲོད་ཀྱི་དུས་སྟོན་ཁག་ལས། ཆོས་ལུགས་ཆོ་གའི་སྐབས་སུ་མང་ཚོགས་འདུ་འཛོམས་ཆེ་བ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། འོས་བསྡུ་མི་སྣས་ཐེངས་འདིའི་ཆོས་ཐོག་བེད་སྤྱད་ནས་འོས་བསྡུ་ལ་གྲུབ་འབྲས་ལོན་ཐབས་བྱེད་རྒྱུའི་ཐག་བཅད་རྗེས། འོས་བསྡུའི་ཉིན་མོ་ཡང་ཚེས་བཅོ་ལྔའི་བར་ཉིན་གཉིས་རིང་ཕར་འགྱངས་བྱས། ཆོས་ལུགས་ཀྱི་བྱེད་སྒོ་སྤྱད་ནས་ཆབ་སྲིད་སྒྲུབ་པ་ནི། འུ་ཐུག་ཐབས་ཟད་ཀྱི་ལམ་བུ་ཞིག་ཡིན་ནའང་། འབྲུག་ཡུལ་ལྟ་བུའི་ཆོས་ལུགས་ཀྱི་རྫོང་མཐུག་པའི་ཡུལ་ལུང་ཁག་ལ་མཚོན་ན། ཐབས་ལམ་དེར་ཧ་ཅང་གི་ནུས་པ་ལྡན་ཞིང་། ལག་ལེན་ལ་བསྟར་སླ་བ་ཞིག་ཀྱང་ཡིན། ཆོས་ཐོག་གམ་འོས་བསྡུའི་ཉིན་མོ་དེར་གྲོང་མི་བརྒྱ་ཆའི་དགུ་བཅུ་གོ་བརྒྱད་ཀྱིས་ཆ་ཤས་བླངས་བ་དེས། ལས་བྱེད་ཚོར་དགའ་སྤྲོ་སྐྱེས་སུ་བཅུག་ཅིང་སྤོབས་པས་ཁེངས་བར་བྱས། འོན་ཀྱང་། ལས་དབང་གིས་ཁོང་ཚོར་གནམ་ལ་མི་ཤོང་བའི་‘‘རྩེད་མཚར་ནག་པོ་’’ཞིག་རྩེས། འོས་གྲངས་བརྒྱ་ཆའི་དགུ་བཅུ་གོ་བརྒྱད་ལས་དགུ་བཅུ་གོ་ལྔས་ཚོན་མདོག་སེར་པོ་འདེམས། འོས་བསྡུ་ལས་བྱེད་ཚོ་གྲོང་མིའི་འདེམ་ཁ་དེར་མགོ་འཐོམས་ནས་ཡོད་སྐབས། གྲོང་ཚོ་ནང་ནས་འོས་བསྡུའི་ལས་རོགས་ལ་ཡོང་བའི་བུ་མོ་ཆུང་ཆུང་གི་ཨ་མའི་འགྲེལ་བརྗོད་དེས། ཁོང་ཚོ་དེ་ལས་ཀྱང་མགོ་བོ་འཐོམས་པར་བྱས། འོས་འཕེན་གྲོང་མི་ཚོས་བཟོ་ལས་དར་རྒྱས་དང་། རང་དབང་འདྲ་མཉམ། རྒྱུན་སྲོལ་སྲུང་སྐྱོབ་སོགས་ཚོན་མདོག་རེ་རེའི་རྒྱབ་ཀྱི་སྲིད་དོན་ལྟ་གྲུབ་ལ་གོ་བ་ལོན་པ་མིན་པར། འབྲུག་རྒྱལ་བོའི་ན་བཟའི་ཚོན་མདོག་སེར་པོ་དང་། འབྲུག་ཡུལ་ནང་སེར་པོ་ནི་‘‘མངའ་བདག་ཚོན་མདོག་’’ཡིན་པ་ཁོ་ནར་གཞི་བཅོལ་བློ་འགེལ་བྱས་ནས་འོས་བླུགས་ཡོད་པ་དེ་རེད།
འོས་བསྡུའི་བརྙན་ཚན་འདི་དང་འབྲེལ་བའི་བཅར་འདྲི་ཞིག་གི་སྐབས་སུ། འཁྲབ་འཁྲིད་པ་ཆོས་དབྱིངས་རྡོ་རྗེས་ལགས་ཀྱིས་ ‘‘ང་རང་སྒེར་ལ་མཚོན་ན། ང་ཡོང་སའི་རྒྱལ་ཁབ་དེ་ཧ་ཅང་གི་དམིགས་བསལ་བ་རེད། ཕྱི་རོལ་གྱི་འཇིག་རྟེན་དང་ཁ་བྲལ་བའི་ཁེར་རྐྱང་གི་རྒྱལ་ཁབ་ཅིག་རེད་’’ཅེས་དང་། ‘‘དུས་སྐབས་དེར་འབྲུག་གིས་དེ་འདྲའི་ཁ་བྲལ་ཁེར་རྐྱང་གི་སྲིད་བྱུས་ཤིག་འཛིན་དོན་ནི། འབྲུག་པ་ཚོས་རང་གི་མི་ཚེའི་འཚོ་བ་རོལ་སྟངས་ལ་སྲུང་སྐྱོབ་དང་། རང་གི་རིག་གཞུང་ཤུལ་འཇོག་རྒྱུན་འཛིན་བྱེད་རྒྱུའི་ཆེད་དུ་རེད། འོན་ཀྱང་། ང་རང་ཕྱི་འབྲེལ་མི་སྣ་ཞིག་གི་ཁྱིམ་ཚང་ནང་སྐྱེས་པ་དེས། ཕྱོགས་བཞི་མཚམས་བརྒྱད་ཉུལ་དགོས་བྱུང་ཞིང་། ཡུལ་ལུང་འདྲ་མིན་ནང་འཚར་ལོངས་དང་རིག་གཞུང་འདྲ་མིན་ཐོད་བརྒལ་བྱེད་དགོས་བྱུང་། ཨ་རིའི་ནང་སྲིད་དོན་རིག་པར་སློབ་སྦྱོང་བྱེད་སྐབས། དམངས་གཙོ་མི་ཚང་མས་བཀུར་བསྟི་བྱེད་ཡུལ་ཞིག་ཡིན་པ་ཤེས། དེང་རབས་ནུབ་ཕྱོགས་པའི་འཇིག་རྟེན་ནང་ཧ་ཅང་གི་རྩ་ཆེ་བའི་དངོས་པོ་དེ། ཏག་ཏག་འབྲུག་པ་མང་ཚོགས་ཀྱིས་དགོས་མཁོ་མེད་པ་ཞིག་ལ་ངོས་འཛིན་བཞིན་པ་མཐོང་སྐབས། ཅི་འདྲའི་སྙིང་ལ་ཟུག་པའི་འཕྱ་སྨོད་ཅིག་མ་ཡིན་ནམ་དྲན’’ ཞེས་དང་། ཡང་བཅར་འདྲི་གཞན་ཞིག་གི་ནང་དུ། འབྲུག་ལ་དོན་དངོས་སུ་དམངས་གཙོ་དགོས་མིན་སྐོར་འདྲི་སྐབས། ཁོས་‘‘འབྲུག་པ་ཞིག་ཡིན་པའི་ཆ་ནས། ཁོ་ཚོས་རང་གི་རྒྱལ་བོ་ལ་ལྷག་བསམ་རྣམ་དག་གིས་ཡིད་ཆེས་བློ་འགེལ་བྱེད་ཀྱི་ཡོད་པ་རེད། རྒྱལ་བོའི་ཐག་གཅོད་གང་ཡིན་ལའང་བརྩི་བཀུར་བྱེད་ཀྱི་ཡོད་པ་རེད། འབྲུག་གི་དམངས་གཙོ་ནི་རྒྱལ་བོ་ལ་དགོས་པ་ལས། ‘ང་ཚོར་དངོས་ནས་དམངས་གཙོ་དགོས་སམ་’ཞེས་པ་འདི་ད་དུང་ཡང་དྲི་བ་ཞིག་ཆགས་ཡོད་’’ཚུལ་བཤད་ཡོད།
གསུམ། འབྲུག་ཡུལ་ན་མེ་མདའ་མེད།
« འབྲུག་ཡུལ་ན་མེ་མདའ་མེད། /不丹没有枪 » ནི་གློག་བརྙན་འདི་ཐེ་ཝན་ནང་འགྲེམ་སྤེལ་བྱས་པའི་དཔར་གཞིའི་བརྙན་མིང་ཡིན། གློག་བརྙན་གང་ཞིག་རྒྱལ་སྤྱིའི་ནང་འགྲེམ་སྤེལ་འཚོང་བསྒྱུར་བྱེད་སྐབས། ཡུལ་ལུང་སོ་སའི་རིག་གནས་ཡུལ་སྲོལ་དང་མི་གཤིས་སེམས་འགྱུ་སོགསས་ཀྱི་ཁམས་དང་མོས་པར་བསྟུན་ནས། སྐད་ཡིག་འདྲ་མིན་ནང་བརྙན་མིང་ཡང་སྣ་ཚོགས་ཤིག་འདོགས་སྲོལ་ཡོད། ང་ཚོས་ལག་སྣེ་ནས་དཔེ་མཚོན་ཞིག་དྲངས་ན། འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ལག་དམར་ ལྟ་བུ་རེད། ལག་དམར་ནི་གློག་བརྙན་འདིའི་བོད་མིང་ཡིན་ཞིང་། འདས་པོ་ཁོང་གི་གློག་བརྙན་གཞན་པ་དང་འདྲ་བར་འདི་ལ་ཡང་རྒྱལ་སྤྱི་དང་རྒྱ་ནག་གི་དཔར་གཞི་གཉིས་ཡོད། རྒྱལ་སྤྱིའི་དཔར་གཞིའི་བརྙན་མིང་ལ་ « JINPA / སྦྱིན་པ་ » དང་། རྒྱ་ནག་གི་དཔར་གཞིའི་བརྙན་མིང་ལ་ « 撞死了一只羊/ ལུག་གཅིག་ལྔ་ལམ་དུ་བརྫངས་བ་ » ཞེས་བཏགས་ཡོད། གློག་བརྙན་གཅིག་ལ་རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་སྐད་ཡིག་གསུམ་ནང་བརྙན་མིང་བཏགས་པ་ནི། གཙོ་བོ་ལྟད་མོ་བའི་རིག་གནས་སེམས་ཁམས་དང་། ལྷག་པར་ཏུ་རིག་གཞུང་གིས་བསྐྱེད་པའི་རིན་ཐང་ལྟ་ཚུལ་སོགས་ཀྱི་ཁོར་ཡུག་དང་འབྲེལ་བ་ཡོད་པ་ཡིན། « གྲྭ་བ་དང་མེ་མདའ་ ད་བར་རྒྱལ་སྤྱིའི་ནང་གློག་བརྙན་འགྲེམ་འཚོང་སྡེ་ཁག་བཅུ་བཞི་ཡིས། རྒྱལ་ཁབ་དང་ཡུལ་གྲུ་བཞི་བཅུ་ཞེ་གསུམ་ནང་འགྲེམ་སྤེལ་བྱས་པའི་ཁྲོད། བརྙན་མིང་ཡང་མི་འདྲ་བ་འགའ་ཤས་བྱུང་ཡོད། « གྲྭ་བ་དང་མེ་མདའ་ » ནི་ཡོངས་ཁྱབ་ཀྱི་བརྙན་མིང་དང་། འབྲུག་ཡུལ་ན་མེ་མདའ་མེད་ ནི་ཐེ་ཝན་གཙོས་པའི་རྒྱའི་སྐད་ཡིག་བེད་སྤྱོད་ཁོར་ཡུག་གི་བརྙན་མིང་། ད་དུང་རྒྱལ་ཁབ་དང་ཡུལ་ལུང་ཁ་ཤས་ནང་« Once Upon a Time / གནའ་སྔ་མོ་ཞིག་ལ་ » དང་« Four Days To Full Moon / ཟླ་བ་ཉ་གང་བར་ཉིན་བཞི་ » ཞེས་ཀྱང་བཏགས་ཡོད།
འབྲུག་ཡུལ་ནི་མེ་མདའ་སོགས་དྲག་མཚོན་རིགས་བཀག་འགོག་ཡོད་པའི་ཞི་བདེའི་རྒྱལ་ཁབ་ཅིག་ཡིན། མེ་མདའི་ལྐོག་འཚོང་ཉར་བ་ནི་དེ་བས་ཀྱང་ནག་ཉེས་ཆེ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན། ལྷག་པར་དུ་འཚེ་བ་སྤངས་བའི་ནང་བའི་བསྟན་པ་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་བཀུར་པའི་ཡུལ་ལུང་ནང་། གྲྭ་བའི་ལག་ཏུ་མེ་མདའ་བཟུང་བ་ནི་ཆེས་ཐལ་ཆ་ཆེ་བའི་ལྡོག་ཕྱོགས་ཀྱི་སྣང་ཚུལ་ཞིག་གམ། ཧ་ཅང་གི་ཟུར་ཟའི་རང་བཞིན་མངོན་པའི་མཐོང་ཚུལ་ངན་པ་ཞིག་ཀྱང་ཡིན། གློག་བརྙན་འདིའི་ཁྱབ་བསྒྲགས་བརྙན་པར་ནང་། གྲྭ་བ་ཞིག་གིས་ཕྲག་ལ་སྐམ་མདའ་རིང་བོ་ཞིག་འཁུར་ཡོད་པ་མཐོང་སྐབས། ང་དང་འདྲ་བའི་ལྟད་མོ་བ་མང་བོ་ཞིག་ལ་འཚེར་སྣང་དང་དོགས་མི་བདེ་བའི་ཚོར་རླབས་ཤིག་འཕྱུར་ཏུ་བཅུག་ཡོད་པའང་ཐག་བཅད་ནས་བཤད་ཆོག ‘‘དཔེ་མི་སྲིད། འབྲུག་ཡུལ་ན་མེ་མདའ་མེད།’’ གློག་བརྙན་ཕྱེད་ཙམ་ལ་སླེབས་སྐབས། བར་ཁེ་བ་བྷེན་ཇིའི་ཆུང་མས་བཤད་པའི་སྐད་ཆ་འདི། གློག་བརྙན་འདིའི་རྒྱ་ཡིག་གི་བརྙན་མིང་ཡོང་ཁུངས་དེ་ཡིན་སྲིད། གློག་བརྙན་ལ་མ་བལྟས་པའི་ཡར་སྔོན་དུ། ངས་ཀྱང་རྒྱ་ཡིག་གི་བརྙན་མིང་དང་དབྱིན་ཡིག་གི་བརྙན་མིང་གཉིས་བར་ཁྱད་པར་ཆེན་པོ་ཞིག་ཡོད་པར་བསམས་མོད། གློག་བརྙན་ལ་བལྟས་རྗེས། ཧྥ་རན་སིའི་དེང་རབས་ཕྱི་མའི་བླ་ཆེན་དུ་གྲགས་པའི་སྤྱི་ཚོགས་ཤེར་རྟོག་རིག་པ་བ་སྟེ། ཇེན་བྷོ་དྷི་ལིར་(Jean Baudrillard) ལགས་ཀྱིས་ ‘‘ཡོད་ཚད་མཚོན་རྟགས་ཀྱི་དོན་སྙིང་ལ་རག་ལུས་པ་ཡིན་’’ཚུལ་གསུངས་པ་ལྟར། རྒྱ་ཡིག་གི་ འབྲུག་ཡུལ་ན་མེ་མདའ་མེད་ དང་དབྱིན་ཡིག་གི་གྲྭ་བ་དང་མེ་མདའ་ གང་ཡིན་ཡང་། བརྙན་མིང་ལ་ཁྱད་པར་མེད་པར་གློག་བརྙན་གྱི་ནང་དོན་དང་མེ་མདའི་མཚོན་དོན་ཅི་ཡིན། ཧ་ཅང་གི་བདེ་བླག་དང་འཐུས་ཚང་ངང་བསྟན་ཡོད་པ་ཤེས།
དུས་རྒྱུན། མེ་མདས་ཚན་རྩལ་རིག་པའི་ཡར་རྒྱས་དང་དྲག་ཆས་དུས་རབས་ཀྱི་གཟི་བརྗིད། དེང་རབས་དམག་འཁྲུག་དང་ཚབས་ཆེའི་ཁྲག་སྦྱོར་སོགས་མཚོན་པ་མ་ཟད། འཁྲུག་ལོངས། དྲག་རྩུབ། ཞེ་འཁོན། སྡང་ཟུག གནོད་འཚེ། སྡུག་བསྔལ་སོགས་ཀྱང་མཚོན་གྱི་ཡོད། དཔྱད་བརྗོད་པ་ཨོ་ལི་བེར (Olivier Wyser) ལགས་ཀྱིས་ ‘‘གློག་བརྙན་ནང་དུ་མེ་མདའ་བྱུང་བ་ནི་གཏམ་རྒྱུད་ཁྲོད་ཀྱི་བརྗོད་གཞི་སྤྲོ་སྣང་ལྡན་པ་ཞིག་རེད་’’ཅེས་གསུངས་པ་ལྟར། གློག་བརྙན་ནང་གི་མེ་མདའི་མཚོན་དོན་དང་དོན་སྙིང་ནི་བློ་ངོར་འབབ་པ་ཞིག་སྟེ། མེ་མདའ་དེ་ཕྱི་ལོ་༡༨༦༡ ནས་༡༨༦༥ ལོའི་བར་དུ་བྱུང་བའི་ཨ་རིའི་ལྷོ་བྱང་ནང་འཁྲུག་སྐབས་ཀྱི་སྐམ་མདའ་རིང་བོ་ཞིག་ཡིན། ལྷོ་བྱང་དམག་འཁྲུག་ཏུ་གྲགས་པའི་ཨ་རིའི་ནང་འཁྲུག་འདི་ལ། བྱང་ཨ་རི་བས་ ‘‘ཟིང་འཁྲུག་ཞོལ་འཇགས་’’སུ་འབོད་ཅིང་། ལྷོ་ཨ་རི་བས་ ‘‘རང་བཙན་དམག་འཁྲུག་’’ཏུ་འབོད། དམག་འཁྲུག་འདིའི་ནང་བྱང་བའི་རང་ལོ་༢༠་ནས་༤༥ བར་གྱི་སྐྱེས་པ་བརྒྱ་ཆའི་བཅུ་ལྷག་གི་ཚེ་སྲོག་ཤོར་ཞིང་། ལྷོ་བའི་རང་ལོ་༡༨་ནས་༤༠ བར་གྱི་སྐྱེས་པ་བརྒྱ་ཆའི་སུམ་ཅུ་ལྷག་གི་ཚེ་སྲོག་ཤོར་ཡོད། ཡང་མེ་མདའི་བདག་པོ་འབྲུག་གི་རྒད་པོས་སྐམ་མདའ་འདིས་ཕྱིས་སུ། ཕྱི་ལོ་༡༩༣༠ ལོ་རབས་ནང་བོད་ས་རྒྱང་རྩེར་བྱུང་བའི་[དབྱིན་འགོག་དམག་འཁྲུག་]ནང་བོད་པ་མང་བོ་བསད་ཡོད་ཚུལ་བཤད། ‘‘མེ་མདའ་འདིས་བོད་པ་མང་བོ་བསད་མྱོང་’’ཞེས་པའི་བརྗོད་དུམ་འདི། འཁྲབ་འཁྲིད་པས་ཀྱང་ཧ་ཅང་གི་གལ་ཆེན་དང་གཟབ་ནན་གྱི་ཚུལ་དུ། མེ་མདའ་ཉོ་མཁན་གྱི་ཕྱི་རྒྱལ་བ་དང་འབྲུག་པ་རྒད་པོའི་བར། ཡང་ཕྱི་རྒྱལ་བ་དང་གྲྭ་གཞོན་བཀྲ་ཤིས་ཀྱི་བར། གྲྭ་གཞོན་བཀྲ་ཤིས་དང་དགོན་པའི་མཁན་པོ་སོགས་བར་གྱི་གཏམ་གླེང་སྟེ། གློག་བརྙན་ནང་སྔ་ཕྱིར་ཁ་བརྡའི་བརྒྱུད་རིམ་ཐེངས་གསུམ་ནང་བརྙན་ངོས་སུ་མངོན་བཅུགས་ཡོད།
ལོ་རྒྱུས་དང་དུས་ཚིགས་ཀྱི་ཆ་ནས་ཧ་ཅང་རྙིང་ཐལ་ཅིང་། ཨ་རིའི་ནང་འཁྲུག་སྐབས་སུ་ཕུ་ནུ་ནང་འཛིང་བྱེད་སྐྱེད་ཀྱི་དམེ་མདའ་དང་། དབྱིན་བོད་དམག་འཁྲུག་ནང་རང་སྲུང་འགོག་རྒོལ་ཆེད་ལུས་སྲོག་སོ་མིག་ལ་གཏོད་སའི་སྐམ་མདའ་རྙིང་བ་ཞིག འཁྲབ་འཁྲིད་པས་འབྲུག་གི་ལམ་ལུགས་བཅོས་བསྒྱུར་གྱི་གཏམ་རྒྱུད་ནང་མཚོན་བྱེད་དུ་འདྲེན་དོན་ཡང་། ནང་འཁྲུག་སྐབས་‘‘དམེ་མདའ་’’དང་བཙན་འཛུལ་སྐབས་‘‘འགོག་རྒོལ་’’གྱི་དོན་སྙིང་ལྡན་པས་ཡིན། དེ་སྔ་མེ་མདས་རྒྱལ་ཁབ་བར་གྱི་དམག་འཁྲུག་དང་གཞི་རྒྱ་ཆེ་བའི་སྡེབ་གསོད་སོགས། མིའི་རིགས་ཀྱི་དཔལ་ཡོན་དང་གོ་ལ་རིལ་བུའི་མཛེས་སྡུག་གི་ལྡོག་ཕྱོགས་སྟེ། དྲག་སྤྱོད་དང་ཁྲག་སྦྱོར་སོགས་མཚོན་གྱི་ཡོད་ནའང་། བར་ལམ་བེད་སྤྱོད་ཀྱི་ཐབས་ལམ་ལ་འགྱུར་བ་ཐེབས་ནས། ཆེས་སེམས་ཐག་ཉེ་ས་ནས་དམངས་གཙོའི་གཏམ་བརྗོད་དང་གོ་ལ་གཅིག་གྱུར་གྱི་འདུ་ཤེས་མ་ལག་སྤྱད་ནས། རྒྱལ་ཁབ་དང་སྤྱི་ཚོགས་ནང་ཕན་ཚུན་གསང་བའི་ཚོད་འཛིན་བྱེད་པ་དང་། འདྲ་མཉམ་མིན་པའི་སྒྲིག་གཞིའི་གོ་རིམ་འཛུགས་བྱེད་དུ་གྱུར་ཡོད། མངའ་བདག་རྒྱལ་བོ་ལ་ཁེན་ཆེ་བའི་འབྲུག་པ་ཚོར་མཚོན་ནའང་། གློ་བུར་དུ་ལམ་ལུགས་གསར་པའི་བཅོས་བསྒྱུར་ཁྲོད་ཕན་ཚུན་ཆབ་སྲིད་ཀྱི་ཕྱོགས་ཁག་ཏུ་དབྱེ་ཞིང་། བཅོས་བསྒྱུར་ཁྲོད་མང་ཚོགས་ལ་རིག་གནས་གསར་པ་ཞིག་གི་བཙན་འཛུལ་ཡང་སླེབས་པའི་ཚོར་ཤུགས་ལྗིད་དྲགས་པའི་སྐབས། གློག་བརྙན་ནང་མེ་མདའ་བྱུང་བ་ནི་མེ་སྟག་མཆེད་པ་ལྟར་གྱུར་ཡོད།
འཚོལ་སྒྲུབ་རིན་ཐང་གི་ཐད་ནས་ཀྱང་། ཕྱི་རྒྱལ་བ་རོན་གྱིས་མེ་མདའ་འཚོལ་སྒྲུབ་ནི་དེའི་ལོ་རྒྱུས་རྒྱུན་རིང་གི་ཆ་དང་། དེང་ལག་སོན་དཀའ་བའི་གནའ་རྫས་ཤིག་ཉར་ཚགས་རིན་ཐང་གི་ངོས་ནས་ཡིན། མེ་མདའ་ལྐོག་འཚོང་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་ནའང་། ཁོས་ཐབས་བརྒྱ་ཇུས་སྟོང་གིས་དངུལ་ལོ་དང་དངོས་ཟོག་བརྗེ་བསྒྱུར་གྱི་ཐབས་ལམ་ལ་བརྟེན་ནས། གནའ་རྫས་སུ་གྱུར་བའི་སྐམ་མདའི་རིན་ཐང་དེ་སྒེར་བདག་དང་ཧམ་བཟུང་བྱེད་འདོད་པ་ཙམ་ཡིན། ‘‘རིག་གཞུང་དང་མི་རབས་བར་བྱུང་བའི་དབྱེ་མཚམས་དེ། རྒྱལ་ཁབ་ཅིག་གི་རྙོག་འཛིང་ཆེ་བའི་འགྱུར་མཚམས་ཀྱི་རི་མོ་རུ་གྲུབ་ཡོད་ཚེ། དགེ་འདུན་པས་མེ་འདའ་འཚོལ་དགོས་པའི་གསང་བ་ནི། རི་མོ་དེའི་མཚར་སྡུག་གི་དཀྱིལ་དབུས་སུ་བསྐོངས་ནས་ཡོད།’’ ཨ་རིའི་གློག་བརྙན་དུས་དེབ་ཨིན་ཌི་ཝར་(Indie Wire)ནང་འདི་ལྟར་བཀོད་པ་ལྟར། དགོན་པའི་མཁན་པོས་མེ་མདའ་འཚོལ་སྒྲུབ་ཀྱི་རིན་ཐང་དེ། གློག་བརྙན་འདིའི་མཐོ་རླབས་ཀྱི་དུམ་ཚན་སྟེ། མཐའ་མཇུག་གི་བརྙན་ཚན་ནང་མ་གཏོགས་སླེབས་མེད། མཆོད་རྟེན་ཞིག་གི་མཐའ་འཁོར་ནས་གྲྭ་གཞོན་བཀྲ་ཤིས་དང་ཕྱི་རྒྱལ་བ་རོན། བར་ཁེ་བ་བྷེན་གསུམ་གྱིས་མེ་མདའི་སྐོར་ལ་འཚོང་འགོ་གཏམ་ནས། མཐར་ཁོ་གསུམ་སྐམ་མདའ་རྙིང་བ་དེ་(AK47)རྟགས་ཅན་གྱི་དེང་རབས་འཕྲུལ་མདའ་གཉིས་ལ་བརྗེ་རྒྱུའི་གྲོས་འཆམ་བྱུང་། འདི་ལྟར་འབྲུག་ཡུལ་ལ་མེ་མདའ་ཇེ་མང་ནས་ཇེ་མང་དུ་འགྲོ་འགོ་ཚུགས། མེ་མདའི་རང་གཤིས་ནི་གདུག་རྩུབ་དང་ཁྲག་སྦྱོར་སོགས་ཡིན་སྟབས། དགེ་འདུན་པ་ཞིག་ལ་མེ་མདའ་དང་དམིགས་བསལ་དེང་རབས་འཕྲུལ་མདའ་ཞིག་གི་དགོས་མཁོ་ཅི་ཡིན་ལ། ལྟད་མོ་བ་ཚང་མས་བློ་དོགས་སེམས་འཚབ་དང་འཇིགས་སྣང་དངངས་སྐྲག་གིས་ངང་སྒུག་བྱེད།
གློག་བརྙན་འདིའི་མཐོ་རླབས་ཀྱི་བརྙན་ཚན་ནི་ཚེས་ཆེན་བཅོ་ལྔའི་ཉིན་སྟེ། ཆོས་ཐོག་འཛུགས་ཉིན་ནམ་འོས་བསྡུའི་ཉིན་མོ་དེ་ཡིན། བརྙན་ཚན་འདིའི་ནང་དགོན་པའི་མཁན་པོས་འོས་བསྡུའི་བརྒྱུད་རིམ་ལ་ལྟ་ཞོར། རྙིང་ཟད་ཀྱི་སྐམ་མདའ་རིང་བོ་དེའི་སོ་མིག་འོས་བསྡུའི་འགན་འཛིན་དང་། འོས་བསྡུའི་ལས་བྱེད། དེ་ནས་རིམ་བཞིན་འོས་འཕེན་མང་ཚོགས་ལ་གཏད། ལྷོ་བྱང་ཨ་མེ་རུ་ཁ་ལྟར་རྒྱལ་ཁབ་དང་སྤྱི་ཚོགས་ནང་ལམ་ལུགས་བཅོས་བསྒྱུར་དང་གསར་བརྗེའི་ལས་འགུལ་བྱུང་སྐབས། ནང་འཁྲུག་ནི་ཆོས་ཉིད་དུ་གྲུབ་ཡོད་པ་ལྟར། རླུང་འཕྲིན་ལས་དམངས་གཙོ་དང་འོས་བསྡུའི་གསར་འགྱུར་ལ་ཉན་རྗེས། མཁན་པོས་རང་གི་དགེ་ཕྲུག་མེ་མདའ་འཚོལ་བར་མངགས་པའི་དགོས་མཁོ་དང་གསང་བ་ཡང་འདི་རེད་སྙམ་ཞིང་། གློག་བརྙན་ནང་མེ་མདའ་དེའི་ཁ་ནམ་ཞིག་ལ་གྲགས་མིན་དང་ཇི་ལྟར་གྲགས་མིན་ལ་བློ་དོགས་དང་བཅས། ལྟད་མོ་བ་ཚོར་ཆེས་དངངས་སྐྲག་གི་བྲེད་ཤ་ཞིག་སློང་བཞིན་པའི་སྐབས། བསམ་ཡུལ་འདས་པ་ལ། མཁན་པོས་དེང་འབྲུག་ཡུལ་དུ་ལམ་ལུགས་བཅོས་བསྒྱུར་དང་བསྟུན་ནས། སྤྱི་ཚོགས་ནང་ཕྱོགས་ཁག་དབྱེ་འབྱེད་དང་ཕྱོགས་རེས་འཐེན་འཁྱེར། མང་ཚོགས་བར་འགལ་འདུ་འཐབ་རྩོད་དང་ངན་སྨྲས་འཁོན་འཛིང་སོགས་ཡོང་བཞིན་པ་བཟློག་ཆེད། མཆོད་རྟེན་གསར་གཞེངས་ཀྱི་གཟུངས་འཇུག་ཏུ་དམག་འཁྲིག་དང་ཁྲག་སྦྱོར། འཁྲིག་ལོངས་དང་དྲག་རྩུབ། ཞེ་འཁོན་དང་སྡང་ཟུག གནོད་འཚེ་དང་སྡུག་བསྔལ་སོགས་ཀྱི་མཚོན་རྟགས་སྟེ། ནང་ཁུལ་ལ་ ‘‘དམེ་མདའ’’་དང་ཕྱི་རོལ་ལ་ ‘‘འགོག་རྒོལ་’’གྱི་དོན་སྙིང་ལྡན་པའི་མདའ་རྙིང་དེ་གཏེར་དུ་སྦས་དགོས་པར་གསུངས་ཤིང་། ཕྱི་རྒྱལ་བ་རོན་གྱིས་ཀྱང་རང་ཉིད་ནག་ཉེས་ལས་གཡོལ་ཆེད་(AK47)རྟགས་ཅན་གྱི་དེང་རབས་འཕྲུལ་མདའ་གཉིས་བོ་ཡང་མཆོད་རྟེན་གྱི་གཟུངས་འཇུག་ལ་ཞལ་འདེབས་སུ་ཕུལ། མཁན་པོའི་ཀུན་ཁྱབ་སེམས་འཁུར་ལ་སེམས་འགུལ་ཐེབས་ནས་གུས་བརྩི་དང་མོས་མཐུན་མཚོན་ཆེད། ནག་ཚོང་བ་གཉིས་ལ་རྗེས་འདེད་གཏོང་མཁན་གྱི་ཉེན་རྟོག་པ་ཚོས་རང་རང་གི་ལག་མདའ་དང་། བྱིས་པ་བསྣབས་ལུག་ཚོས་ཀྱང་རང་གི་རྩེད་ཆས་ཀྱི་འགྱིག་མདའ་དག་མཆོད་རྟེན་གྱི་གཟུངས་འཇུག་ཏུ་ཕུལ་ནས་གཏེར་དུ་སྦས། གློག་བརྙན་གྱི་མཐོ་རླབས་དེ་རྙིང་དྲགས་པའི་སྐམ་མདའ་དང་དེང་རབས་ཀྱི་འཕྲུལ་མདའ་། ཉེན་རྟོག་པའི་ལག་མདའ་དང་བྱིས་པ་ཚོའི་འགྱིག་མདའ་། འདི་ལྟར་ཡོད་ཚད་གཏེར་དུ་སྦས་ཤིང་། མང་ཚོགས་ཀྱི་དགའ་སྤྲོའི་ཀི་ལྡིར་ཁྲོད་མཇུག་བསྒྲིལ། འབྲུག་ཡུལ་ན་མེ་མདའ་མེད་ པའི་བརྙན་མིང་གི་དོན་སྙིང་ཡང་འདི་ལས་བྱུང་བར་སྙམ།
བཞི། ལམ་བར་གྱི་ཇ་ཁང་དང་རྒད་པོ།
གློག་བརྙན་འདིའི་ནང་སྐྱ་གཅིག་ལ་རྒྱུས་པའི་གཏམ་རྒྱུད་གསུམ་ལས་གཞན། ང་ཚོས་ལས་སླ་བོར་དོ་སྣང་མི་བྱེད་སའི་རྒྱུན་ཐག་ཅིག་ཡོད། གློག་བརྙན་ནང་གི་ཇ་ཁང་དང་རྒད་པོ་གཉིས་ང་ཚོས་ལས་སླ་བོར་ཉམས་འཇོག་མི་བྱེད་ས་དེ་ཡིན། མེ་མདའ་ཉོ་འཚོང་དང་དམངས་གཙོའི་འོས་བསྡུ། ཆོས་ལུགས་ཆོ་ག་སོགས་ནི་གློག་བརྙན་འདིའི་ནང་གི་མངོན་པར་གསལ་བའི་སྒྲུང་གཞི་ཁག་ཡིན་ནའང་། ཇ་ཁང་དང་རྒད་པོ་ནི་གཏམ་རྒྱུད་གསུམ་གཞི་གཅིག་ལ་སྦྲེལ་བྱེད་ཀྱི་མི་མངོན་པའི་སྦྲེལ་ཐག་ཅིག་གམ། ཡང་ན། གློག་བརྙན་འདིའི་ནང་བྱུང་བའི་ཆེས་དགོད་བྲོ་བའི་རྩེད་མཚར་དང་ཟུར་ཟ། ཀུ་རེ། འཕྱ་སྨོད་བཅས་ཀྱི་ཡོང་ཁུངས་ཡང་ཆགས་ཡོད། འཁྲབ་འཁྲིད་པས་ཇ་ཁང་དང་རྒད་པོ་གཉིས་བརྙན་ངོས་སུ་དུས་མཉམ་དུ་བཞག་པ་དེས། གློག་བརྙན་དང་གཏམ་རྒྱུད་ལ་ཡིད་འཕྲོག་པའི་མཚར་སྡུག་ཅིག་གསར་སྣོན་བྱས་ཡོད་ལ། ལྟད་མོ་བ་ཚོར་འཚེར་སྣང་འདྲེས་མའི་དགོད་ཁ་ཞིག་ཀྱང་བསླངས་ཡོད། མ་ཟད་ཕྱི་ཡོང་རིག་གནས་དང་ཡུལ་ལུང་རིག་གཞུང་བར་གྱི་འགལ་ཟླའི་བསམ་གཞིགས་ཤིག་ཀྱང་། ལམ་བར་གྱི་ཇ་ཁང་དང་རྒད་པོ་འདི་གཉིས་བརྒྱུད་ནས་བསྣན་ཡོད།
གྲྭ་གཞོན་བཀྲ་ཤིས་གྲོང་གསེབ་ཏུ་མེ་མདའ་འཚོལ་བར་འགྲོ་སྐབས། བར་ལམ་ནས་ཇ་ཁང་འདི་བརྒྱུད་ཡོད། ཁོས་དེ་ནས་འབྲུག་པ་ཚོས་ ‘‘ཆུ་ནག་’’ཏུ་འབོད་བཞིན་པའི་ཀོ་ཁུ་ཀོ་ལ་(Coca- Cola) འཐུང་བཞིན། ཇམ་སི་བྷོན་གྱི་བརྙན་འཕྲིན་« James Bond – 007 » ལ་བལྟས། དེ་སྔ་རྒྱང་ཐག་རིང་བའི་གྲོང་གསེབ་ནས་མེ་ཐབ་རླངས་རྫས་འཁུར་ནས། རི་ཁྲོད་མཚམས་ཁང་ནང་གི་རང་གི་བླ་མར་ཞབས་ཞུ་སྒྲུབ་མཁན་གྱི་སྲོལ་རྒྱུན་གྲྭ་གཞོན་ཞིག འདི་ལྟར་ནུབ་ཕྱོགས་པའི་རིག་གཞུང་ལ་མཚར་འཛིན་གྱི་འདུ་ཤེས་སྐྱེས་མཁན་ཞིག་དང་། བརྙན་འཕྲིན་ནང་གི་མི་སྣ་དཔའ་བོར་བཀུར་ཞིང་མེ་མདའ་ལ་ཡིད་སྨོན་ཤོར་མཁན་ཞིག་ཏུ་གྱུར། བརྙན་འཕྲིན་ནང་གི་མི་སྣའི་རྫིག་ཉམས་དང་མེ་མདའི་བརྗིད་ཉམས་ཀྱི་ཤུགས་རྐྱེན་འོག ཁོ་ལ་རང་གི་བླ་མར་དད་རྫས་སུ་ཕུལ་བའི་མདའ་རྙིང་དེ་ཡང་། བརྙན་འཕྲིན་ནང་གི་འཕྲུལ་མདའ་གསར་པ་གཉིས་ལ་བརྗེས་ཐུབ་པའི་བློ་ཁོག་རྙེད་ས་ཇ་ཁང་འདི་ཡིན། གྲྭ་གཞོན་ཁོ་ཇ་ཁང་འདི་བརྒྱུད་སྐབས། འོས་བསྡུ་ལས་བྱེད་པའི་འགན་འཛིན་ལྕམ་སྐུ་དེ་ཡང་ཏག་ཏག་ཇ་ཁང་འདིའི་ནང་སླེབས། མོས་འཁྲིས་ཀྱི་རྒད་པོ་གཉིས་ལ་འོས་བསྡུ་དྲིལ་བསྒྲགས་དང་ལྷན། དེའི་ནང་དངོས་སུ་ཞུགས་ནས་འོས་འཕེན་ཆ་ཤས་ལེན་དགོས་སྐོར་གྱི་འབོད་སྐུལ་བྱེད་སྐབས། རྒད་པོ་ཞིག་གིས་དམངས་གཙོ་ལ་‘‘ཕག་ནད་གསར་པ་’’ཞེས་ཟུར་ཟ་དང་བཅས། མངའ་བདག་རྒྱལ་བོ་ཞལ་བཞུགས་ཡོད་བཞིན་དུ། ང་ཚོས་རྒྱ་གར་ནས་ཕག་ནད་དེ་བླངས་ནས་མགོ་འཁྲིད་གསར་པ་འདེམས་དགོས་དོན་མེད་ཚུལ་དང་། རྒྱ་གར་བ་ཚོས་གྲོས་ཚོགས་ནང་གཅིག་གིས་གཅིག་གི་སྨ་ར་འཐེན་རེས་དང་། གཅིག་གཅིག་ལ་རྐུབ་སྟེགས་གཡུགས་རེས་བྱེད་བཞིན་པ་སོགས་ཧབ་ཆ་ཞིག་དང་འདྲེས་ནས་བཤད། མོས་རྒྱལ་ཁབ་གཞན་པའི་ནང་དམངས་གཙོའི་ཆེད་དུ་ཕན་ཚུན་གསོད་རེས་གཏུབ་རེས་བྱེད་ཀྱིན་ཡོད་ནའང་། འབྲུག་ལ་མངལ་བདག་རྒྱལ་བོས་གསོལ་རས་སུ་གནང་བ་ཡིན་ཚུལ་བཤད། ‘མངལ་བདག་རྒྱལ་བོ་’ཞེས་པའི་མིང་ཐོས་སྐབས། རྒད་པོ་གཉིས་ཞི་འཇམ་དུ་སོང་ནས། དེ་སྔོན་གྱི་ཟུར་ཟའམ་འཕྱ་སྨོད་བྱེད་པའི་ཧབ་ཆ་དེ་ཡང་ཡལ་བར་གྱུར། སྲོལ་རྒྱུན་དང་དེང་རབས་བར་གྱི་བསམ་གཞིག་ཟབ་སའི་སྣང་ཚུལ་འདི་མངོན་ས་ཡང་ཇ་ཁང་འདི་ཆགས་ཡོད།
གློག་བརྙན་དང་གཏམ་རྒྱུད་ཀྱི་འཕེལ་རིམ་དང་བསྟུན་ནས། མེ་མདའི་ལྐོག་འཚོང་ཉར་མཁན་གཉིས་ཀྱང་ཇ་ཁང་འདིར་ཡོང་ཡོད། ཇ་ཁང་འདི་ཨོ་རྭ་གྲོང་ཚོའི་ནང་ཁ་པར་བརྡ་རྟགས་ཡོད་ས་གཅིག་བུ་དེ་ཡིན་སྟབས། ཁོ་གཉིས་ཀྱིས་རང་གི་ནང་མི་དང་གཞན་ལ་ལྐོག་ཚོང་གི་འབྲེལ་གཏུགས་བྱེད་ས་ཡང་ཇ་ཁང་འདི་ཡིན། ཉེན་རྟོག་པས་ཁོ་གཉིས་འཛིན་བཟུང་བྱེད་པར་ས་བཙལ་རྡོ་བཙལ་བྱས་ཀྱང་མ་བརྙེད་མོད། ཇ་ཁང་འདི་གསར་འགོད་པ་ཚོས་བརྙན་ལམ་ནས་འོས་བསྡུ་སྐོར་གྱི་གནས་ཚུལ་སྤེལ་ས་ཡང་ཡིན་སྟབས། ཉེན་རྟོག་པས་གསར་འགྱུར་འཕྲིན་ལམ་གྱི་བརྙན་རྒྱབ་ནས་ཁོ་གཉིས་ཇ་ཁང་དེར་ཡོད་པ་མཐོང་ཞིང་། ཁོ་གཉིས་འཛིན་བཟུང་གི་ཐག་སྣེ་རྙེད་སའང་ཇ་ཁང་འདི་ཡིན། ད་དུང་འབྲུག་གི་ལམ་ལུགས་བཅོས་བསྒྱུར་ཁྲོད་ཀྱི་སྲོལ་རྒྱུན་དང་དེང་རབས་བར་གྱི་ས་མཚམས་འབྱེད་ས་སྟེ། སངས་རྒྱས་ཀྱི་སྐུ་ཐང་མར་བླངས་ནས་གློག་བརྙན་ཁྱབ་སྒྲོག་གི་བརྙན་པར་ཡར་འགེལ་སའང་ཇ་ཁང་འདི་ཡིན། དེར་བརྟེན། གློག་བརྙན་ནང་གི་ཇ་ཁང་འདི་ཧ་ཅང་ཆུང་ནའང་། གློག་བརྙན་འདིའི་གཏམ་རྒྱུད་ཀྱི་འཕེལ་རིམ་དང་སྦྲེལ་མཚམས་ལ་མེད་དུ་མི་རུང་བའི་རམ་འདེགས་བྱས་ཡོད། གལ་སྲིད་ང་ཚོས་ལྡོག་ཕྱོགས་ནས་བློས་སླངས་ཤིག་བྱས་ནས། ཇ་ཁང་འདི་བརྙན་ངོས་ནས་ནག་བསུབ་བཏང་ཡོད་ཚེ། གློག་བརྙན་དང་གཏམ་རྒྱུད་ཀྱི་བྲོ་བ་དང་ཁ་དོག་ཡང་། གཏིང་ལ་ཟུག་པའི་བསམ་གཞིགས་ལས་རིང་དུ་བརྒལ་ནས་གཞན་ཞིག་ཏུ་འགྱུར་ཡོད་ངེས་ཡིན།
གཏམ་རྒྱུད་ཀྱི་རྒྱུན་ཐག་གཞན་ཞིག་ནི། ཇ་ཁང་སྒོ་འགྲམ་ན་ཤིང་གཏུམ་གཞོག་མཁན་གྱི་རྒད་པོ་དེ་ཡིན། གློག་བརྙན་ལ་བལྟ་སྐབས་ང་ཚོས་ཁོང་ལ་ཇ་ཁང་ལས་ཀྱང་ཞན་པའི་དོ་སྣང་སྤྲད་པའམ། ཡང་ན་རྦད་དེ་སྣང་མེད་ལྟ་བུར་བཞག་ཡོད། གྲྭ་གཞོན་བཀྲ་ཤིས་དང་འོས་བསྡུ་འགན་འཛིན་གཉིས་ཇ་ཁང་བརྒྱུད་སྐབས། རྒད་པོས་ཤིང་གཏུམ་དེ་གཞོག་མགོ་བཙུགས་ཙམ་ཡིན། ཁོ་གཉིས་ཀས་རྒད་པོར་འཚམས་འདྲི་བྱས་ཙམ་ལས། རྒད་པོས་ལས་ཀ་ཅི་ཞིག་བྱེད་ཀྱི་ཡོད་མེད་སུས་ཀྱང་དྲིས་མེད། མེ་མདའི་ལྐོག་འཚོང་ཉར་མཁན་གཉིས་ཀྱང་ཇ་ཁང་འདིར་ཡོང་སྟེ་རྒད་པོའི་འཁྲིས་ནས་ངལ་གསོས་ཤིང་། དུས་མཚུངས་གསར་འགྱུར་བརྙན་ངོས་ཀྱི་རྒྱབ་ལྗོངས་ནང་རྒད་པོས་མུ་མཐུད་ཤིང་རྟུམ་དེ་གཞོག་བཞིན་ཡོད། ཧ་ཅང་གཟབ་གཟབ་དང་ཞིབ་ཚགས་ཀྱིས་གཞོག་བཞིན་ཡོད། སྐབས་འདིར་རྒད་པོས་གཞོག་བཞིན་པའི་རང་གི་‘‘བརྩམས་ཆོས་’’དེའི་དབྱིབས་ཙམ་ཐོན་ཡོད་ནའང་། དོ་སྣང་དང་ཉམས་འཇོག་བྱེད་མཁན་སྔར་བཞིན་སུ་གང་མ་བྱུང་། ཆོས་ཐོག་གམ་འོས་བསྡུའི་ཉིན་རྒད་པོས་རང་གི་བརྩམས་ཆོས་དེ་ཡོངས་སུ་གྲུབ་པར་བྱས་ཡོད། དེ་ནི་ཤིང་གཏུམ་དེས་བཟོས་པའི་ལིངྒ་དམར་ལྡང་མ་ཞིག་ཡིན། འབྲུག་གི་རིག་གཞུང་ནང་ལིངྒ་ངམ་ཕོ་མཚན་གྱི་མཚོན་དོན་གཏིང་ཟབ་ལ། སྲང་ལམ་དང་ཇ་ཁང་སོགས་སུ་རིས་བྲིས་དང་ཤིང་བརྐོས་སོགས་ཀྱི་འདྲ་གཟུགས་ཅི་འདོད་ལྟར་མཐོང་ལམ་དུ་ཡོད་པ་མ་ཟད། ཁྱིམ་ཚང་ནང་དང་མང་ཚོགས་ཀྱིས་དེ་ལ་མཆོད་འབུལ་བྱེད་པའི་ལུགས་སྲོལ་ཡང་ཡོད། ‘‘ང་ཆུང་དུས་འདྲ་གཟུགས་དེ་འདྲ་གང་འདོད་དུ་མཐོང་སར་ཡོད། རིམ་བཞིན་སྤྱི་ཚོགས་ལ་འགྱུར་བ་བྱུང་བ་དང་། དེང་དཔལ་ཡོན་ཅན་གྱི་དུས་སྐབས་འདིར་སླེབས་སྐབས། འབྲུག་པ་གཞོན་སྐྱེས་ཚོས་དེ་ལ་ངོ་ཚ་དང་འཚེར་སྣང་འཛིན་གྱིན་འདུག དུས་ཚོད་དང་དཔལ་ཡོན་གྱི་ཆ་ནས་དེ་ལྟར་ཡིན་ནའང་། ཞོར་ལ་འབྲུག་པའི་རིག་གཞུང་ཞིག་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་རེད།’’ འཁྲབ་ཁྲིད་པ་ཆོས་དབྱིངས་རྡོ་རྗེ་ལགས་ཀྱིས་བཅར་འདྲི་ཞིག་གི་སྐབས་འདི་ལྟར་གསུངས་ཤིང་། ཁོས་གློག་བརྙན་ནང་ལིངྒ་ངམ་ཕོ་མཚན་གྱི་འདྲ་གཟུགས་མངོན་ཐབས་བྱས་པ་ནི། རིག་གཞུང་མངོན་ཐབས་དང་སྲུང་སྐྱོབ་ཙམ་མིན་པར། དེའི་གཏིང་ཟབ་པའི་རིག་གནས་མཚོན་དོན་གྱི་ངོས་སྟེ། གློག་བརྙན་གྱི་མཇུག་མཐར་རྒད་པོའི་ལིངྒ་དམར་ལྡང་མ་དེ། ཕྱི་རྒྱལ་བ་རོན་ལ་བྱ་དགའི་ཚུལ་དུ་སྤྲད་པ་དེས། དེ་སྔ་ལོ་རྒྱུས་ཐོག་བྱུང་བའི་ཨ་རིའི་ནང་འགལ་ཆེན་མོ། ཝེ་ཊི་ནམ་དམག་འཁྲིག་དུས་ཀྱི་སྐད་འབོད་ཁ་གཡང་སྟེ། ཨ་རི་བ་ཚོར་‘‘Make love, not war ’’ཞེས་པ་དྲན་གསོའི་ཚུལ་དུ་ཕུལ་བ་ཞིག་ཅི་ལ་མིན། ‘‘འབྲུག་ཡུལ་ཧ་ཅང་ཆུང་ཆུང་ཡིན་རུང་། འཛམ་གླིང་དང་མཉམ་དུ་ལོངས་སུ་སྤྱོད་རྒྱུའི་རིག་དངོས་ཧ་ཅང་མང་།’’ འཁྲབ་འཁྲིད་པ་ཆོས་དབྱིངས་རྡོ་རྗེ་ལགས་ཀྱིས་བཅར་འདྲི་དེའི་མཇུག་འདི་ལྟར་བསྡུས་ཡོད
མཇུག་བྱང་། འབྲུག་གི་ཐུགས་སྲས།
དཔའ་བོ་ཆོས་དབྱིངས་རྡོ་རྗེ་ལགས་ནི་༡༩༨༣་ལོར་རྡོ་རྗེ་གླིང་དུ་སྐྱེས་ཤིང་། ཁོང་གི་ཨ་མ་ནི་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་སྐུ་སྲིང་དང་། ཕ་རྒན་འབྲུག་ཡུལ་གྱི་ཕྱི་འབྲེལ་དཔོན་རིགས་ཤིག་ཡིན། ཁོང་རྒྱ་གར་ནང་བཞུགས་སྐབས་ཁོ་ངྷལ་ཁ་ནེལ་རྒྱལ་སྤྱིའི་སློབ་གྲྭར་(Kodaikanal International School) སློབ་སྦྱོང་བྱས་ཤིང་། འབྲུག་ཡུལ་ནང་སླེབས་རྗེས། དབྱངས་ཅན་ཕུག་ཆེས་མཐོའི་གཞི་རིམ་སློབ་གྲྭར་(Yanchenphug Higher Secondary School) སློབ་སྦྱོང་བྱས། ཕྱི་ལོ་༢༠༠༦ལོར་ཨ་རིའི་ལོ་རིན་སི་གཙུག་ལག་སློབ་ཆེན་(Lawrence University) དུ་རྒྱལ་སྤྱིའི་འབྲེལ་ལམ་དང་སྲིད་དོན་རིག་པའི་སློབ་གཉེར་གནང་། ཕྱི་ལོ་༢༠༠༩་ལོར་ངྷ་རམ་ས་ལར་ས་རྭ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དུ་ནང་བསྟན་རིག་པའི་གཞུང་ལ་སློབ་གཉེར་གནང་། རྩོམ་པ་པོ་དང་པར་པ། བརྙན་ལེན་པ་བཅས་ཡིན་པའི་ཁོང་གིས་དུས་ཡུན་རིང་བོའི་ནང་། རྒྱལ་སྤྱིའི་བརྙན་དེབ་(Vice ) དང་ཨ་རིའི་གྲགས་ཅན་བརྙན་དེབ་ (Esqure) དང་ (Life ) བཅས་ཀྱི་རྐང་འཛིན་པར་ལེན་པ་གནང་བ་མ་ཟད། ཁོང་གི་ནང་ཆོས་དང་འབྲེལ་བའི་པར་རིགས་ཁག་ཅིག་རྒྱལ་སྤྱིའི་བརྙན་དེབ་དུ་མའི་ནང་འདེམས་བཀོད་བྱས་མྱོང། དུས་རབསས་ཉི་ཤུ་བའི་དུས་མཇུག་ནས་བཟུང་གློག་བརྙན་གསར་གཏོད་ཀྱི་ལས་སྒོར་ཞུགས་ཤིང་། གློག་བརྙན་འཁྲབ་འཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་བཅས་ཡིན་པའི་ཁོང་གི་ཁུ་བོ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་རོགས་གནང་། སྔ་ཕྱིར་དེང་འཛམ་གླིང་གི་གློག་བརྙན་ཁོར་ཡུག་ནང་སྙན་གྲགས་འབར་བཞིན་པའི་རྫོང་སར་ཚང་གི་བརྙན་རིང་« ཝ་ར་ : སྨོན་འདུན། » (Vara : A Blessing) དང་ « ཧེ་མ། ཧེ་མ » (Hema Hema : Sing Me A Song Whill I Wait) གཉིས་ཀྱི་ཕབ་སྐྲུན་དང་སྒྲིག་སྦྱོར་སོགས་ཀྱི་ལས་དོན་ལ་རྐང་འགན་འཁུར། གློག་བརྙན་« ཧེ་མ།་ཧེ་མ། » ཕྱི་ལོ་༢༠༡༦ ལོའི་ཨི་ཊ་ལིའི་ལོ་ཁ་ནོ་གློག་བརྙན་དུས་སྟོན་(Locarno Film Festival ) སྟེང་ཐོག་མར་བསྟན་ཞིང་། ཁ་ན་ཊའི་གྲོང་ཁྱེར་ཊོ་རིན་ཊོར་རྒྱལ་སྤྱི་གློག་བརྙན་དུས་སྟོན་ (TIFF, Toronto Intrenational Film Festival) སྟེང་དཔྱད་འདེམས་པའི་གཟེངས་རྟགས་ཐོབ། ༢༠༡༩་ལོར་ཆོས་དབྱིངས་རྡོ་རྗེ་ལགས་ཀྱིས་ཁོང་གི་གློག་བརྙན་ཐོག་མ་བརྙན་རིང་ « ལུང་ནག་ན། » (Lunana : A Yak In The Classroom) ཞེས་པ་ཕབ་སྐྲུན་བྱས་ཤིང་། གློག་བརྙན་དེར་རྒྱལ་སྤྱིའི་རིམ་པའི་གཟེངས་རྟགས་གང་མང་ཐོབ་པ་མ་ཟད། ༢༠༢༢ ལོར་ཨ་རིའི་ཨོག་སི་ཁ་(Orscar)གློག་བརྙན་དུས་སྟོན་སྟེང་མིང་འདོན་བྱས་པའི་འབྲུག་གི་གློག་བརྙན་ཐོག་མ་དེ་ཆགས། « གྲྭ་བ་དང་མེ་མདའ་»ནི་ཁོང་གི་བརྙན་རིང་གཉིས་པ་དེ་ཡིན་ཞིང་། ༢༠༢༤ ལོའི་ཨོག་སི་ཁའི་རྒྱལ་སྤྱིའི་དོན་བརྗོད་བརྙན་རིང་རྩེ་ཕུད་ཀྱི་མིང་འདོན་སྒུག་ཐོའི་ནང་ཚུད་ཡོད།
‘‘ད་ལོ་ངའི་རྒྱལ་སྤྱིའི་ནང་གི་འགྲུལ་བཞུད་དང་མཛད་སྒོ་གང་གི་ཐོག་ཡིན་རུང་། ངོ་ཤེས་དང་ངོ་མི་ཤེས་པའི་མི་གང་མང་ཞིག་གིས་ཚུར་གློག་བརྙན་ « ལུང་ནག་ན་ » ལ་བལྟས་མྱོང་མིན་འདྲི་གི་འདུག དེ་ཡང་འགའ་ཤས་ཀྱིས་ངེས་པར་དུ་བལྟ་དགོས་པའི་སྐུལ་མ་ཡང་བཏང་བྱུང་། དེས་ང་ལ་གློག་བརྙན་གྱི་མཚར་སྡུག་འགུག་ཤུགས་དང་ཁྱབ་སྤེལ་ནུས་སྟོབས་ཀྱི་ཐད་ལ་ཧང་སངས་སུ་བཅུགས་’’ཅེས་དང་། ‘‘གློག་བརྙན་ལས་རིགས་ཀྱི་མིང་དོན་མཚུངས་པའི་སྒུལ་ཤུགས་དེས། ང་ལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་བློ་སྤོབས། རྒྱལ་སྤྱིའི་ངོས་འཛིན་དང་ཆེས་མཐོང་ཐད་བླ་མེད་བྱས་རྗེས་འཇོག་ཐུབ་པར་གདེངས་ཚོད་ཅིག་རྙེད་དུ་བཅུག་ལ། རང་ཉིད་ཀྱི་རིག་གཞུང་གི་གལ་གནད་ཀྱང་མཐོང་དུ་བཅུག’’ འདི་ནི་ཕྱི་ལོ་༢༠༢༢་ལོའི་འབྲུག་གི་རྒྱལ་སྟོན་དུས་ཆེན་སྟེང་། འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ཆོས་དབྱངས་རྡོ་རྗེ་ལགས་ལ་འབྲུག་གི་མངའ་བདག་གཟེངས་རྟགས་སྟེ། [འབྲུག་གི་ཐུགས་སྲས་]ཞེས་པ་སྩོལ་སྐབས་ཀྱི་གསུང་དུམ་ཞིག་ཡིན། འབྲུག་གི་ཐུགས་སྲས་གཟེངས་རྟགས་ནི་འབྲུག་ཡུལ་གྱི་དཔལ་འབྱོར་དང་ཆོས་ལུགས། ཆབ་སྲིད་ཐད་བྱས་རྗེས་འབུར་ཐོན་འཇོག་མཁན་ཚོར་དམིགས་པའི་མངའ་བདག་རྒྱལ་ཚང་གི་གཟེངས་རྟགས་ཤིག་ཡིན་ཞིང་། ད་བར་གཟེངས་རྟགས་དེ་མི་ལྔ་ལ་ཐོབ་མྱོང་བའི་ཁྲོད། ཆོས་དབྱིངས་རྡོ་རྗེ་ལགས་ནི་ལོ་ན་གཞོན་ཤོས་དང་། འབྲུག་གི་ལོ་རྒྱུས་ནང་གློག་བརྙན་ལས་རིགས་པ་ཞིག་ལ་ཐོབ་པ་དང་པོ་དེ་ཡིན། ཁོང་གི་གློག་བརྙན་ « ལུང་ནག་ན་ »ནི་དེང་ཤར་ནུབ་རིག་གཞུང་གི་འདྲེས་མཚམས་དང་། སྲོལ་རྒྱུན་དང་དཔལ་ཡོན་བར་གྱི་སྦྲེལ་མཚམས་ནས། འབྲུག་པ་གཞོན་སྐྱེས་ཚོས་རང་གི་བདེ་སྐྱིད་དང་རང་ཉིད་ཀྱི་ངོ་རྟགས་བཙལ་འཚོལ་གྱི་རེ་སྙེག་དང་བོར་བརླག་སོགས་བརྗོད་དོན་གཙོ་བོར་བཟུང་བའི་བརྙན་རིང་ཞིག་ཡིན། གློག་བརྙན་དེ་ཨོག་སི་ཁའི་གློག་བརྙན་དུས་སྟོན་སྟེང་མིང་འདོན་བྱས་པ་མ་ཟད། ད་བར་སྐད་རིགས་ ༢༧ ནང་ཕབ་བསྒྱུར་གྱིས་འཛམ་གླིང་ནང་རྒྱལ་ཁབ་དང་ཡུལ་གྲུ་ ༥༣ ནང་ཚོང་བསྒྱུར་འགྲེམ་སྤེལ་བྱས་ཡོད། གློག་བརྙན་འདི་ལོན་ཊོན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(London Internationsl Film Festival) སྟེང་ཐེངས་དང་བོར་བསྟན་ཞིང་། ཨ་རིའི་པལ་སི་ཕུ་རིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ (PSF : Palm Springs International Film Festival) སྟེང་ལྟད་མོ་བའི་གཟེངས་རྟགས་ཐོབ་ཡོད།
ཁོང་གི་བརྙན་རིང་གཉིས་པ་སྟེ། གྲྭ་བ་དང་མེ་མདའ་ ནི་འབྲུག་ཡུལ་གྱི་དམངས་གཙོའི་འོས་བསྡུ་རིམ་པའི་སྐབས་བྱུང་བའི་དངོས་ཡོད་གནས་ཚུལ་ཁག གློག་བརྙན་འཁྲབ་གཞུང་གི་སྐྱ་ཐིག་གམ་ས་བོན་གྱི་ཚུལ་དུ་བཟུང་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན། གློག་བརྙན་འདིའི་ནང་དགོད་བྲོ་དང་རྩེད་མཚར། ཟུར་ཟའི་རིགས་མང་བ་ནང་བཞིན། དངོས་ཡོད་ཀྱི་ཆ་ཡང་ཧ་ཅང་མང་། གློག་བརྙན་འདི་༢༠༢༤ ལོའི་ཨོག་སི་ཁའི་རྒྱལ་སྤྱིའི་དོན་བརྗོད་བརྙན་རིང་རྩེ་ཕུད་ཀྱི་མིང་འདོན་སྒུག་ཐོའི་ནང་ཚུད་པ་མ་ཟད། ཨ་རིའི་ཌི་ལོ་རེ་ཊིའི་གློག་བརྙན་དུས་སྟོན་(Teluride Film Festival) དང་ཝོ་ཌི་སི་ཊོར་གློག་བརྙན་དུས་སྟོན་(Woodstock Film Festival) གྱིས་མཚོན་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་གི་ནང་། དཔྱད་འདེམས་པའི་གཟེངས་རྟགས་དང་ལྟད་མོ་བའི་གཟེངས་རྟགས། དེ་བཞིན་འདེམས་གསེས་འཁྲབ་འཁྲིད་པའི་གཟེངས་རྟགས་སོགས་གང་མང་ཐོབ་མྱོང་ཡོད། གློག་བརྙན་ « ལུང་ནག་ན་ » དང་འདྲ་བར་བརྙན་རིང་འདི་ཡང་ད་ལྟའི་ཆར་སྐད་རིགས་དུ་མ་དང་ཨ་རི་དང་ཧྥ་རན་སི། ཐེ་ཝན་གཙོས་བའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་ཡུལ་གྲུ་གང་མང་ནང་ཚོང་བསྒྱུར་འགྲེམ་སྤེལ་བྱས་ཡོད། ‘འབྲུག་གི་ཐུགས་སྲས་’དཔའ་བོ་ཆོས་དབྱིངས་རྡོ་རྗེ་ཡང་ཁོང་གི་གློག་བརྙན་བརྩམས་ཆོས་འདི་གཉིས་བརྒྱུད་ནས། རྒྱལ་སྤྱིའི་ཐོག་སྙན་གྲགས་ཅན་གྱི་འཁྲབ་འཁྲིད་པ་ཞིག་ཏུ་གྱུར་བ་མ་ཟད། ད་ལྟའི་ཆར་ལོ་རྒྱུས་རྒྱུན་རིང་ལྡན་ཞིང་། འཛམ་གླིང་ནང་གློག་བརྙན་རིག་པའི་འཐུས་སྒོ་ཆ་ཚང་བའི་སློབ་གཉེར་ཁང་གཅིག་བུ་སྟེ། ཨ་རིའི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་གཙུག་ལག་སློབ་གཉེར་ཁང་ (Academy Of Motion Picture Arts And Science) གི་གདན་ཞུའི་ཚོགས་མི་དང་། གཙུག་ལག་སློབ་གཉེར་ཁང་དེའི་གདན་ཞུའི་འཁྲབ་འཁྲིད་པ་བཅས་ཡིན།
གློག་བརྙན་འབྲེལ་ཐག
https://www.dailymotion.com/video/x9d6wkw
