Back To Top

དབུགས་ལྒང་། (བཅར་འདྲི།)

བུད་མེད་ཀྱི་ཟུར་ངོས་གཙོར་འདོན་བྱས་པའི་པདྨ་ཚེ་བརྟན་གྱི་གློག་བརྙན་ཐོག་མ།

གློག་བརྙན « ཐར་ལོ་ » དང་  « ལག་དམར་ » གཉིས་ཀྱི་རྗེས་ནས། བོད་རིགས་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ནི་རྒྱལ་སྤྱིའི་གློག་བརྙན་སྡིངས་ཆའི་སྟེང་། བོད་ཡུལ་གྱི་རིག་གནས་ཁྱབ་སྤེལ་བྱེད་པར་ཆེས་ཤུགས་རྐྱེན་ཅན་གྱི་མི་སྣའི་གྲས་སུ་ཚུད། ལྷག་པར་« ལག་དམར་ » ལ་ཝི་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་འཁྲབ་གཞུང་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ་དེས། ཁོང་ལ་དེ་འབྲེལ་གྱི་བདག་རྐྱེན་གང་ལེགས་བསྐྲུན་ཡོད། ཝི་ནེ་སིའི་གྲོགས་པོ་རྙིང་བ་ཞིག་ཡིན་པའི་ངོས་ནས། ད་ལོའི་དབྱར་ཁར། ཁོ་ཐེངས་གསུམ་པར་འཛམ་གླིང་གི་ཆུ་མོའི་གྲོང་ཁྱེར་འདིའི་ནང་ཕེབས་ཤིང་། ཁོས་ཁྱེར་ཡོང་བའི་བརྩམས་ཆོས་གསར་པ་ « དབུགས་ལྒང་ » ཡང་བསྐྱར་དུས་སྟོན་གྱི་འགྲན་བསྡུར་ནང་ཚུད་པ་མ་ཟད། གློག་བརྙན་དཔྱད་བརྗོད་པ་དང་ལྟད་མོ་བའི་གདེང་འཇོག་ཚད་མེད་ཐོབ། ཨེ་ཧྥུན་གློག་བརྙན་གྱིས་སོས་དལ་བག་ཕེབས་ཀྱི་དབྱར་ཁའི་ཕྱི་དྲོ་ཞིག་ལ། འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་སུ་བཅར་འདྲི་བྱས་ཤིང་། ཁོང་དང་མཉམ་དུ་བརྩམས་ཆོས་གསར་པ་ « དབུགས་ལྒང་ » དང་འབྲེལ་བའི་དོན་དག་གཉིས་གསུམ་ཞིག་ལ་གླེང་མོལ་བྱས། 

བཀླགས་གྲངས། 55

ཨེ་ཧྥུན་གློག་བརྙན། འཁྲབ་འཁྲིད་པ་ལགས་དུས་རྒྱུན་རྩོམ་རིག་དང་གློག་བརྙན་གཉིས་གཙོ་བོར་འཛིན་མཁན་ཞིག་རེད། འདས་པའི་ལོ་གཉིས་རིང་གི་བརྙན་ཡོལ་(གློག་བརྙན)བརྩམས་ཆོས་ཚང་མ་རང་གི་བརྩམས་སྒྲུང་དག་འཁྲབ་གཞུང་དུ་བཅོས་པ་རྐྱང་རེད། ཡིན་ནའང་། ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་འགྲན་ཞུགས་གློག་བརྙན་« དབུགས་ལྒང་ » ནི་ཅུང་དམིགས་བསལ་བ་ཞིག་རེད། དང་པོ་འཁྲབ་གཞུང་གི་རྣམ་པའི་ཐོག་ནས་གསར་རྩོམ་བྱས། དེ་ནས་སྒྲུང་རྩོམ་གྱི་ངོ་བོར་བསྒྱུར། མཐའ་མར་བསྐྱར་དུ་འཁྲབ་གཞུང་གི་རྣམ་པར་ཚུར་བསྒྱུར་ནས་གློག་བརྙན་དུ་ཕབ་བསྐྲུན་བྱས་པ་རེད། དེར་བརྟེན། གསར་རྩོམ་གྱི་བརྒྱུད་རིམ་ཞིབ་ཚགས་ཤིག་ང་ཚོར་བགོ་འགྲེམ་བྱས་ན་གང་འདྲ་འདུག

པདྨ་ཚེ་བརྟན། གཏམ་རྒྱུད་འདིའི་ཐོག་མའི་བློས་བསླངས་དེ་ལོ་བདུན་བརྒྱད་ཙམ་གྱི་སྔོན་ནས་ཡོང་བ་རེད། ང་པེ་ཅིན་གྱི་ཀྲུང་ཀོན་ཚུན་སྲང་ལམ་དུ་གཅིག་བུར་འགྲོ་གིན་ཡོད། ཉིན་དེར་རླུང་འཚུབ་ཆེན་པོ་འདུག ངས་གློ་བུར་དུ་དབུགས་ལྒང་ཞིག་བར་སྣང་ནས་འཕུར་སྐྱོད་བྱེད་ཀྱིན་པ་མཐོང་། སྐབས་དེར་ཁ་ཐུག་ལ་འདི་ཡིད་སྣང་ཡག་པོ་ཞིག་ཏུ་ཚོར་བ་མ་ཟད། དེ་གློག་བརྙན་ཡག་པོ་ཞིག་བཟོ་ཐུབ་པའི་བསམ་བློ་བྱུང་། ག་ལེ་ག་ལེར་བསམ་གཞིགས་བྱས་པའི་བརྒྱུད་རིམ་ཁྲོད་ཡིད་སྣང་འདི་དང་བོད་ཁུལ་གཉིས་གཞི་གཅིག་ཏུ་འདྲེས་པ་རེད། 

དབུགས་ལྒང་གི་དབང་གིས་སྦྲུམ་འགོག་འགྱིག་ཤུབས་ཡིད་ལ་དྲན་པ་རེད། དེ་ནས། གཏམ་རྒྱུད་འདིའི་ཡིད་སྣང་གཙོ་བོ་དབུགས་ལྒང་དང་སྦྲུམ་འགོག་འགྱིག་ཤུབས་གཉིས་ཀྱི་ཐོག་གཏན་འཁེལ་རྒྱུ་ཐག་བཅད་པ་ཡིན། དང་ཐོག་ཐག་བཅད་པའི་གློག་བརྙན་གྱི་མཇུག་སྒྲིལ་ནི་དབུགས་ལྒང་གཉིས་ཡིན། གཅིག་བཀད། གཅིག་འཕུར། རིམ་བཞིན་མཇུག་སྒྲིལ་འདི་གཞིར་བཞག་ནས་གཏམ་རྒྱུད་གསར་རྩོམ་གྱི་མགོ་བཙུགས་པ་ཡིན། 

དང་ཐོག་འཁྲབ་གཞུང་དུ་བྲིས་པ་ཡིན། ༢༠༡༡ ལོ་དང་༢༠༡༢ ལོ་གང་རུང་ཞིག་ལ་འཁྲབ་གཞུང་ཁྱེར་ནས་ཧོང་ཀོང་གི་ཨེ་ཤ་ཡའི་མ་འཛུགས་འདུ་འཛོམས་ལ་བཅར་བ་ཡིན། མ་འཛུགས་གཟེངས་རྟགས་ཐོབ་པ་རེད། ཡིན་ནའང་། གློག་བརྙན་དུ་ཕབ་བསྐྲུན་བྱ་རྒྱུའི་གོ་སྐབས་མ་རག་པ་རེད། དེར་ཧ་ཅང་གི་ཕངས་སེམས་ཤིག་སྐྱེས་སོང་། རང་ཉིད་གཏམ་རྒྱུད་འདི་ལ་ཧ་ཅང་གི་དགའ་བོ་ཡོད་པའི་དབང་གིས། ཡིག་འབྲུ་ཁྲི་ལྷག་ཡོད་པའི་སྒྲུང་ཐུང་དུ་བཅོས་ནས་འགྲེམ་སྤེལ་བྱས་པ་ཡིན། 

སྒྲུང་ཐུང་འདི་དེ་སྔོན་དཔར་བསྐྲུན་འགྲེམ་སྤེལ་བྱས་པའི་རང་ཉིད་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ « ཨོ་རྒྱན་གྱི་སོ » ཞེས་པའི་ནང་འདེམས་སྒྲིག་བྱས་ཡོད། ན་ནིང་གློག་བརྙན་དུ་ཕབ་བསྐྲུན་བྱ་རྒྱུའི་གོ་སྐབས་བྱུང་བ་རེད། ལས་གཞི་མགོ་བཙུགས་ནས་བདེ་བླག་ངང་འགྲུབ་པ་རེད། དེར་བརྟེན། ངས་སྒྲུང་ཐུང་གི་རྨང་གཞིའི་སྟེང་ནས་གཏམ་རྒྱུད་གྱ་ཇེ་ནོམ་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ཡིན། གཏམ་རྒྱུད་ཀྱི་སྒྲོམ་གཞི་དང་གོ་རིམ་སྒྲིག་སྟངས། གནས་ཚུལ་བྱུང་རིམ་གྱི་བཟོ་བཀོད། མི་སྣའི་དབྱིབས་རྣམ་སོགས་ལ་འགྱུར་བ་གང་ཡང་བཏང་མེད། ཡིན་ནའང་། གཏམ་རྒྱུད་ཀྱི་མགོ་འཛུགས་དང་བྱུང་རིམ་ཞིབ་འབྲི་སོགས་ལ་འགྱུར་བ་གང་འཚམ་བཏང་ཡོད། 

ཨེ་ཧྥུན་གློག་བརྙན། དེས་ནས་རྩོམ་རིག་རང་བཞིན་གྱི་བརྡ་བེད་སྤྱད་ནས་བརྙན་ཚོར་མངོན་ཐབས་བྱེད་སྐབས། སྤྱི་བྱེ་བྲག་གི་འགྱུར་བ་ག་རེ་བཏང་ཡོད། དཔེར་ན། མགོ་འཛུགས་ཀྱི་ཆ་ནས། 

པདྨ་ཚེ་བརྟན། དང་པོར་རྩོམ་ཡིག་ནང་འབྲི་སྐབས། གཏམ་རྒྱུད་འདི་རི་མོའམ་གཟུགས་བརྙན་གྱི་ངོ་བོའི་སྟེང་ནས་གྲུབ་པར་བྱས་ཡོད། དབུགས་ལྒང་། སྦྲུམ་འགོག་འགྱིག་ཤུབས། ལུག་སོགས་ལྟ་བུ་རེད། དེར་བརྟེན། བཟོ་བཅོས་སྐབས་དཀའ་ལས་དེ་ཙམ་མི་འདུག ཀླད་པའི་ནང་ཤར་བའི་གཟུགས་བརྙན་དག་དེད་ནས་ཕབ་བསྐྲུན་བྱས་པ་ཡིན། ཡིན་ནའང་། བརྙན་ཚོར་མངོན་ཐབས་ཆེད་འགྱུར་བ་གང་འཚམ་བཏང་བ་ཡིན། མགོ་འཛུགས་ཀྱི་ཆ་ནས་བཤད་ན། ང་ལ་མཚོན་ན་གློག་བརྙན་གྱི་མགོ་འཛུགས་ས་ཧ་ཅང་གལ་ཆེན་པོར་བརྩི་མཁན་ཞིག་ཡིན། སྒྲུང་ཐུང་ནང་མི་རྒན་པ་ཚོས་སྦྲུམ་འགོག་འགྱིག་ཤུབས་འཚོལ་བའི་རྒྱུད་རིམ་མགོ་འཛུགས་ལ་བཟུང་ཡོད། ཡིན་ནའང་། གློག་བརྙན་ཕབ་བསྐྲུན་སྐབས་མགོ་འཛུགས་ས་ཁ་ཤས་ཐོག་བསམ་བློ་བཏང་བ་ཡིན། མཐའ་མའི་ཐག་བཅོད་ནི། ཐད་ཀར་བྱིས་པ་ཚོས་སྦྲུམ་འགོག་འགྱིག་ཤུབས་ལ་དབུགས་བརྒྱབ་སྟེ་རང་ཁྱིམ་ནས་ལུག་ཁྱུ་ལ་ལྟ་བཞིན་པ་མགོ་འཛུགས་བྱས་པ་ཡིན། འདི་ལྟ་བུའི་མགོ་འཛུགས་དེ་ཅུང་ཁ་ཐུག་རེད་བསམ། མི་རྒན་ཚོས་འགྱིག་ཤུབས་འཚོལ་བའི་བརྒྱུད་རིམ་དེ་ཁ་བརྡའི་ལམ་ནས་མངོན་ཐབས་བྱས་པ་ཡིན། 

ཨེ་ཧྥུན་གློག་བརྙན། གཏམ་རྒྱུད་འདི་ལོ་རབས་དགུ་བཅུ་བའི་ནང་ལ་གཞི་བཅོལ་འདུག དེ་ནི་ཏག་ཏག་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་ལོ་རབས་དེ་རེད། གཏམ་རྒྱུད་འདི་འཁྲབ་འཁྲིད་པ་ཁྱེད་ཀྱི་ཉེ་འཁྲིས་ཀྱི་ཁོར་ཡུག་ནས་ཡོང་བ་ཡིན་ནམ། 

པདྨ་ཚེ་བརྟན། རེད། ང་རང་ཉིད་ལ་མཚོན་ན་ལོ་རབས་དེར་ཆ་རྒྱུས་ཡོད། རྒྱུས་ལོན་ཡང་གང་ཟབ་བྱས་པ་ཡིན། རང་གི་ཉེ་འཁོར་གྱི་བུད་མེད་འདྲ་མིན་དང་། རང་གི་གཉེན་ཉེ་ཚན་ཡིན་ན་འདྲ། གྲོགས་མོ་ཚོ་ཡིན་ནའང་འདྲ། ཁོ་མོ་ཚོ་ལས་འདི་ལྟ་བུའི་གཏམ་རྒྱུད་རིགས་འདྲ་མིན་གོ་མྱོང་ཡོད། ཁོ་མོ་ཚོའི་སྔར་གྱི་མྱངས་བ་དང་། ཡང་ན་ལོ་རྒྱུས་ཚང་མ་སྟེ། ངའི་དྲན་ངོགས་ན་བརྟན་པོར་བསྡད་ཡོད་པ་རྣམས་རྒྱུ་ཆར་སྤྱད་ནས་གྱ་ནོམ་པའི་གཏམ་རྒྱུད་ཅིག་འབྲི་རྒྱུ་ནི་ཧ་ཅང་གི་ལས་སླ་བོ་རེད། དེའི་ཕྱིར། འཁྲབ་གཞུང་འདི་མགྱོགས་པོར་འབྲི་ཐུབ་པ་བྱུང་། 

ཨེ་ཧྥུན་གློག་བརྙན། འཁྲབ་འཁྲིད་པས་ལྟད་མོ་བསྟན་རྗེས་ཀྱི་གླེང་མོལ་སྐབས་བཤད་དོན། དུས་རྒྱུན་བུད་མེད་གྲོགས་པོ་ཚོ་དང་བུད་མེད་ལྟད་མོ་བ་ཚོས། ཁྱེད་ཀྱིས་བུད་མེད་ཀྱི་ལྟ་སྣང་མཐོང་ཚུལ་གྱི་ཕྱོགས་ངོས་ནས་གློག་བརྙན་ཕབ་བསྐྲུན་བྱེད་རྒྱུར་རེ་འདུན་ཤུགས་ཆེ་བ་དང་། བརྩམས་ཆོས་ནང་བོད་ཡུལ་གྱི་བུད་མེད་ཚོའི་འཚོ་གནས་ངང་ཚུལ་གང་མང་ཞིབ་གསལ་དུ་ཐོན་པར་རེ་བ་ཆེ་བར་བརྟེན། གློག་བརྙན་« དབུགས་ལྒང་ »ནང་དུ། སྒྲོལ་མ་དང་སྒྲོལ་དཀར་གཉིས་གཙོ་བོར་བཟུང་བའི་ཞིབ་གསལ་དང་རྒྱས་བཤད་ཀྱི་ཟུར་ངོས་དེ་ཐོན་པ་ཡིན་ཟེར། 

པདྨ་ཚེ་བརྟན། རྒྱུ་མཚན་ངའི་ད་བར་གྱི་གློག་བརྙན་ཚང་མ་སྐྱེས་པ་འཁྲབ་སྟོན་པ་གཙོ་བོར་བཟུང་ཡོད་པ་རེད། སོང་ཙང་མི་ཚང་མར་དེ་འདྲའི་གཅིག་གྱུར་གྱི་མཐོང་ཚུལ་སྟེ། ང་ནི་སྐྱེས་པའི་ལྟ་སྣང་མཐོང་ཚུལ་གྱི་ཕྱོགས་ངོས་གཙོ་བོར་འཛིན་མཁན་གྱི་འཁྲབ་འཁྲིད་པ་ཞིག་ཡིན་པའི་ངོས་འཛིན་དེ་བྱུང་བ་རེད། དེ་ལ་ཡང་རྒྱུ་རྐྱེན་འགའ་ཤས་ཡོད་པ་རེད་བསམ། རྩ་བའི་ངའི་རྩོམ་རིག་གསར་རྩོམ་གྱི་བརྩམས་ཆོས་ནང་བུད་མེད་ཀྱི་ཟུར་ངོས་བཟུང་བ་ཡང་མི་ཉུང་བ་ཞིག་ཡོད། ཡིན་ཡང་གློག་བརྙན་ནང་ད་བར་དུ་ཐོན་ཡོད་པ་མ་རེད། སོང་ཙང་མི་མང་བོ་ཞིག་གིས་”ག་རེ་བྱས་ནས་བུད་མེད་ཀྱི་ཟུར་ངོས་ཕབ་བསྐྲུན་”མི་བྱེད་པའི་”བསམ་ཚུལ་” དེ་ཐོན་པ་རེད། ང་རང་ཉིད་ཀྱིས་ཀྱང་ཁོ་མོ་ཚོ་ནང་བཞིན་རེ་བ་བརྒྱབས་པ་ཡིན། བུད་མེད་འཁྲབ་སྟོན་པ་གཙོ་བོ་བརྩད་འཚོལ་དང་། བོད་ཡུལ་གྱི་བུད་མེད་ཚོ་གཙོ་བོར་བཤད་པའི་གཏམ་རྒྱུད་ཅིག་ལ་འབད་བརྩོན་བྱས་པ་ཡིན། ཏག་ཏག་ « དབུགས་ལྒང » དེ་ལ་ལན་པོ་དང་འོས་འཚམ་བྱུང་ཞིང་། ང་བརྩིས་པའི་མི་མང་བོ་ཞིག་གི་རེ་མདུན་མངོན་དུ་གྱུར་ཐུབ་པ་བྱུང་། 

ཨེ་ཧྥུན་གློག་བརྙན། འདི་ཁྱེད་ཀྱིས་སྐྱེས་པ་འཁྲབ་སྟོན་པ་སྦྱིན་པ་དང་མཉམ་ལས་བྱེད་ཐེངས་གསུམ་པ་དང་། བསོད་ནམས་དབང་མོ་དང་མཉམ་ལས་བྱེད་ཐེངས་གཉིས་པ་དེ་རེད། ཁོ་གཉིས་ཆར་མཚོན་ན་ « ལག་དམར་ » ཕབ་བསྐྲུན་ནང་མཉམ་ཞུགས་བྱས་པ་རེད། ཐེངས་འདིའི་ « དབུགས་ལྒང་ » ལ་ཁོ་གཉིས་ཡང་བསྐྱར་བཟའ་ཟླའི་རྣམ་པའི་ཐོག་ནས་འཁྲབ་སྟོན་ནང་ཞུགས་འདུག འཁྲབ་འཁྲིད་པ་ཁྱེད་རང་ཁོ་གཉིས་དང་ཧ་ཅང་གི་འདྲིས་བོ་ཡིན་པའི་ཚོར་སྣང་འདུག་གམ། 

པདྨ་ཚེ་བརྟན། རེད། མཉམ་ལས་རྗེས་སུ་ཁོ་གཉིས་ཧ་ཅང་གི་ལན་ཞིང་འཚམ་པའི་ཚོར་སྣང་སྐྱེས། དེང་ཐོག་ « དབུགས་ལྒང་ » གི་མི་སྣ་འདེམ་དཀྲུག་སྐབས་ནས་ཁོ་གཉིས་ཡིད་ལ་འཁོར་བྱུང་། ལྷག་པར་དུ་བསོད་ནམས་དབང་མོ་རེད། ཁོ་མོ་ལ་ཆེད་ལས་རང་བཞིན་གྱི་སློབ་སྦྱོང་དང་ཉམས་མྱོང་ཡོད་པ་མ་ཟད། ཁོ་མོ་རང་ཉིད་ལ་བུ་ཕྲུག་གཉིས་ཡོད་ཅིང་། ལོ་ཚོད་ཀྱང་བརྩམས་ཆོས་ནང་གི་མི་སྣ་དང་འདྲ་མཚུངས་རེད། ཁོ་མོ་ཨ་མ་ཞིག་ཡིན་པའི་ངོས་ནས་མི་སྣ་འདི་འཁྲབ་ན། ཉམས་མྱོང་དང་རྒྱུས་མྱོང་ཚང་མ་ཧ་ཅང་གཏིང་ཟབ་ཡིན་རྒྱུ་རེད་བསམ། 

  « ལག་དམར་ » གྱི་མཉམ་ལས་རྗེས་སུ་ང་ལ་ཚོར་སྣང་བྱུང་། ཁོ་མོ་ནི་མི་སྣའི་སྣང་བརྙན་འཁྲབ་སྟོན་བྱེད་པར་ཧ་ཅང་གི་ནུས་སྟོབས་ལྡན་པའི་འཁྲབ་སྟོན་པ་ཞིག་རེད། སོང་ཙང་མུ་མཐུད་ནས་ཁོ་མོ་དང་མཉམ་ལས་བྱེད་པར་རེ་བ་ཧ་ཅང་ཆེ། གནད་དོན་ཆེན་པོ་ཞིག་ཡོད་པ་ནི་སྐད་གདངས་རེད། བསོད་ནམས་དབང་མོ་ལྷ་ས་བ་རེད། ཡིན་ཡང་གཏམ་རྒྱུད་འདི་མཚོ་སྔོན་པོའི་ཉེ་འགྲམ་ནས་ཕབ་བསྐྲུན་བྱས་པ་རེད། དེར་བརྟེན། ཁ་སྐད་དང་འཚོ་བའི་ཞིབ་ཕྲའི་གནས་ཚུལ་གྱི་ཆ་ནས། ཁོ་མོའི་དུས་རྒྱུན་གྱི་གོམས་གཤིས་དང་མི་འདྲ་བའི་ཁྱད་པར་ཡོད་པ་རེད། དེའི་ཕྱིར། ངས་ཁོ་མོ་སྔ་ས་ནས་རུ་ཁག་ནང་འཛུལ་བཅུག་ནས། ཡུལ་སྐད་དགེ་རྒན་ལྷན་དུ་འཁྲབ་ཚིག་སྦྱོང་བཅུག་པ་ཡིན། 

ཨེ་ཧྥུན་གློག་བརྙན། ཁྱེད་ཀྱི་བརྩམས་ཆོས་འགའ་ཤས་ནང་དང་། ལྷག་པར་ « དབུགས་ལྒང་ » ནང་མཐོང་ཐུབ་པ་ཞིག་ནི། ཁྱེད་རང་དངོས་ཡོད་དང་རྨི་འཕྲུལ་གཉིས་མཉམ་དུ་བསྣོལ་ཞིང་བསྲེས་ནས་བརྙན་མིག་བསྐོར་རྒྱུར་ཧ་ཅང་དགའ་བོ་ཡོད་པ་འདྲ། དེ་སྔོན་གྱི་བཅར་འདྲི་ནང་ཡང་ཁྱེད་ཀྱིས”དངོས་ཡོད་ཀྱི་ཕྱིར་ཚོང་ནི། རྨི་འཕྲུལ་གྱི་ནང་འདྲེན་ཡིན”ཞེས་བཤད་མྱོང་འདུག དེས་ན་རྨི་འཕྲུལ་འཁྲབ་འཁྲིད་པ་ཁྱེད་ཀྱི་ཐུན་མོང་མ་ཡིན་པའི་མི་སྒེར་གྱི་རྩོམ་གཤིས་ཀྱི་ཁྱད་ཆོས་ཤིག་ཏུ་གྲུབ་ཟིན་པ་ཡིན་ནམ། 

པདྨ་ཚེ་བརྟན། གཙོ་བོ་རྨི་འཕྲུལ་སྐོར་ལ་དགའ་སྣང་ཆེ་བས་རེད། ངའི་རེ་བ་ལ་ལྗིད་ཤུགས་ཆེ་བའི་དངོས་ཡོད་ལས་གཞན། རེ་འགའ་དངོས་ཡོད་ལས་བརྒལ་བའི་བཤད་སྟངས་ཡོད་དགོས་པར་འདོད། ཕལ་ཆེར་ནང་ཆོས་ལས་བཤད་པའི་ཚེ་སྲོག་དང་འཆི་བའི་གོ་རྟོགས་ལ་འབྲེལ་བ་ཡོད་པ་འདྲ། ངས་ « དབུགས་སྒང་ » ནང་ཞིབ་ཏུ་བཤད་པ་ལྟར། ནང་ཆོས་ལ་དད་མཁན་ཚོས་མི་ཤི་རྗེས་ཁ་མི་བྲལ་བར། སྐྱེ་བ་བརྗེ་ལེན་གྱི་བྱེད་སྟངས་བརྒྱུད་ནས་ཕྱིར་འཁོར་ཡོང་བར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། 

དཔེར་ན། « བོད་ཀྱི་གསོན་འཆི་རྣམ་བཞག་གི་གླེགས་བམ་ » ནང་དེའི་བརྒྱུད་རིམ་ཞིབ་ཚགས་པོའི་སྒོ་ནས་འགྲེལ་བཤད་བྱས་ཡོད་པ་ལྟར། འཆི་བ་ནས་ཕྱིར་རྣམ་ཤེས་འཁོར་རག་བར་ཉིན་གྲངས་༤༩ དུས་ཚོད་དགོས། དོན་སྤྱི་འཛིན་སྟངས་འདི་དག་གིས། ང་ལ་རྨི་འཕྲུལ་གྱི་ཐབས་ལམ་སྤྱད་ནས་ཞིབ་ཕྲའི་ངང་འཆི་བའི་རྣམ་བཞག་ལ་གསལ་འགྲེལ་བྱེད་པར་ཁ་ཕྱོགས་སུ་བཅུག དེ་ཙམ་དུ་མ་ཟད། རྨི་འཕྲུལ་ལ་གློག་བརྙན་ནང་དེ་ལས་གཏིང་ཟབ་པའི་འགྲེལ་བརྗོད་ཡོད། སྒྲོ་འདོགས་ཆེ་བའི་རྣམ་ཤེས་ཕྱིར་འབབ་སྟངས་ལྟ་བུ་སོགས། སྨྱུ་གུ་དང་སྣག་ཚ་མང་དུ་སྤྱད་ནས། འཕྲུལ་སྣང་ངམ་དངོས་ཡོད་ལས་བརྒལ་བའི་ནང་དོན་མངོན་འགྱུར་ཡོང་ཐབས་བྱེད་དགོས། 

ཨེ་ཧྥུན་གློག་བརྙན། འདི་འཁྲབ་འཁྲིད་པས་རང་གི་བརྩམས་ཆོས་འཁྱེར་ནས་ཝི་ནེ་སིའི་གློག་བརྙན་དུས་སྟོན་སྟེང་ཞུགས་ཐེངས་གསུམ་པ་དེ་རེད། དམིགས་བསལ་གྱི་ཚོར་བ་ག་རེ་འདུག ཕྱི་རྒྱལ་གྱི་ལྟད་མོ་བ་དང་གསར་འགོད་པ་ཚོའི་མཉམ་དུ་བསམ་ཚུལ་བརྗེ་རེས་གང་འདྲ་ཞིག་བྱུང་སོང་། 

པདྨ་ཚེ་བརྟན། ལྟད་མོ་བ་ཚོ་ཕལ་ཆེར་ངའི་བརྩམས་ཆོས་ལ་རྒྱུས་མངའ་ཆེ་ནས་ཆེ་རུ་ཕྱིན་ཡོད་པ་འདྲ། ང་ལའང་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག རང་ཉིད་ལ་མཚོན་ནའང་གློག་བརྙན་དུས་སྟོན་འདི་ལ་རྒྱུས་མངའ་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་གི་འདུག ཐེངས་དང་པོར་ཡོངས་སྐབས་བློ་འཚབ་ཆེ་ཙམ་བྱུང་། ད་ལོ་སླེབས་དུས་ལྷོད་ལྷོད་རེད། ཁ་སང་ཉིན་གང་བོར་ཕྱི་རྒྱལ་གྱི་གསར་འགོད་པ་ཚོའི་བཅར་འདྲི་དང་ལེན་བྱས་པ་ཡིན། ང་ལ་ཚང་མས་གློག་བརྙན་ལ་རྒྱུས་ལོན་པ་ཧ་ཅང་གི་ནང་གསལ་རེད་སྙམ་པའི་ཚོར་སྣང་བྱུང་། དཔེར་ན། དུས་ཚོད་རིང་ཐུང་གི་དབང་གིས་གློག་བརྙན་གང་དང་གང་ནས་གཏུབ་གཅོད་བྱས་ཡོད་པ་ཡང་ཁོ་ཚོས་ཚོད་དཔག་ཐུབ་ཀྱི་འདུག དེས་ང་རང་ལ་ཧ་ལས་པའི་མཚར་སྣང་སྐྱེས་བཅུག་ལ། ཞོར་དུ་དགའ་སྣང་ཡང་སྐྱེས། 

ལྷག་པར་དུ་ཨི་ཊ་ལིའི་ལྟད་མོ་བར་གཞན་ལས་ལྷག་པའི་རྒྱུས་མྱོང་འདུག གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཡིན་པས། ཨི་ཊ་ལིའི་མི་མང་ཆེ་ཤོས་སྦྲུམ་འགོག་དང་ཕྲུ་གུ་མངལ་ནས་འདོན་པ་ལ་ངོ་རྒོལ་བྱེད་མཁན་རེད། གློག་བརྙན་འདིའི་གཏམ་རྒྱུད་ཀྱི་གནས་ཚུལ་བྱུང་རིམ་དང་གནས་བབ་གཏན་འཁེལ་བཅས་ལ་ཧ་ཅང་གི་ངེས་ཤེས་གསལ་བོ་རྙེད་ཐུབ་ཀྱི་འདུག སོང་ཙང་ཁོ་ཚོའི་རྣམ་ཤེས་གློག་བརྙན་ནང་འཁྲིད་རྒྱུ་ཡང་ལས་སླ་བོ་འདུག

འདིའི་སྔོན་གྱི་ « ལག་དམར་ » ལ་མཚོན་ན། རིག་གནས་རྒྱབ་ལྗོངས་མི་འདྲ་བའི་དབང་གིས། ངེས་ཤེས་གསལ་བོ་ཞིག་སླེབས་པར་སྒོ་ཐེམ་ཡོད་པ་རེད། ཡིན་ཡང་ཕྲུ་གུ་སྐྱེ་བ་ནི་གོ་ལ་ཡོངས་ཁྱབ་རང་བཞིན་གྱི་གླེང་གཞི་ཞིག་རེད། གློག་བརྙན་ནང་སྦྲུམ་འགོག་འགྱིག་ཤུབས་མངོན་པ་ནས་བཟུང་། ཚང་མས་གཏམ་རྒྱུད་འདིས་ཅི་ཞིག་བཤད་ཀྱི་ཡོད་པ་གསལ་བོར་ཤེས་རྒྱུ་རེད་ལ། མི་རེ་ངོ་རེ་ནས་རྒྱུས་མྱོང་ཡང་ཐུབ་ཀྱི་རེད། རྩ་བའི་ཆ་ནས་འདི་བོད་ཁུལ་གྱི་གཏམ་རྒྱུད་ཅིག་ཡིན་ནའང་། བརྗོད་གཞི་གཙོ་བོ་མི་རེ་རེ་དང་དབུགས་ལམ་འབྲེལ་ནས་ཡོད་པ་རེད། ངས་གློག་བརྙན་འདི་ཕབ་བསྐྲུན་བྱེད་སྐབས་བསམ་བློ་འདི་ལྟར་བཏང་བ་ཡིན། རང་གི་བརྩམས་ཆོས་ནི་གཞི་རྒྱ་ཆེ་ཞིང་ཡངས་བའི་ལྟད་མོ་བར་ཁ་ཕྱོགས་པ་ལས། བོད་ཁུལ་གྱི་མི་དམངས་གཅིག་བུ་ལ་དམིགས་པ་གཏོད་རྒྱུ་དེ་མ་རེད།

 

ཕྱི་ལོ་༢༠༢༠ ལོའི་ཟླ་༠༦ ཚེས་༢༥ ཉིན་བསྒྱུར།

« བོད་ཀྱི་ཡིག་ཟམ་ » གསར་ཤོག་ལས་དྲངས

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།