བཀླགས་གྲངས། 382
---- ནཱོ་ལན་གྱི་གློག་བརྙན་« ཨོ་ཊི་སེ་» གླེང་བ།
ངས་གློག་བརྙན་གསར་པ་འདིར་ལྟ་སྐབས་ནི། འདི་སྟོན་མགོ་བཙུགས་པའི་བདུན་ཕྲག་གསུམ་པའི་ནང་རེད། གློག་བརྙན་མ་ཐོན་པའི་སྔོན་ནས་བཟུང་སྤྱི་ཚོགས་ཐོག་གྲགས་སྐད་ཆེ་བ་དང་། འཁྲབ་འཁྲིད་པ་ཁུར་སི་ཊོ་ཧྥུ་ནཱོ་ལན་(Christopher Nolan) ལ་དེང་གི་བརྙན་རིས་འཇིག་རྟེན་ནང་སྙན་གྲགས་ཆེ་ཞིང་། ཁོའི་བརྩམས་ཆོས་གསར་པ་འདི་ཡང་། ཚང་མར་གོ་ཐོས་ཆེ་བའི་གནའ་བོའི་གྷི་རིག་གི་སྒྲུང་རབས་སྙན་ངག་ཅིག་གཏམ་རྒྱུད་དུ་བཟུང་བ་མ་ཟད། གོ་ལ་ཧྲིལ་བོར་སྟོན་མགོ་དུས་གཅིག་ལ་བཙུགས་ཡོད། མིག་སྔར་གློག་བརྙན་ཡོངས་རྫོགས་མཐོ་ཚད་ལི་སྨི་70 IMAX ཅན་གྱི་རྭ་ཤེལ་སྤྱིན་ཤོག་སྤྱད་ནས། ཚོད་ལྟའི་ཕབ་བསྐྲུན་ལེགས་འགྲུབ་བྱུང་བའི་འཛམ་གླིང་གི་དོན་བརྗོད་བརྙན་རིང་ཐོག་མའང་ཡིན། གང་ལྟར། ཡུལ་དངོས་དང་དྲ་ཐོག་ནས་ཐབས་ཤེས་སྣ་མང་བྱས་མོད། IMAX GT གཙོ་བོས་IMAX རིགས་ཀྱི་གློག་བརྙན་ཁང་ཚང་མའི་འཛིན་བྱང་ལྷག་མེད་སྟབས། ཐོག་མའི་རོལ་མྱོང་གི་དུས་བཟང་བསྐལ་བ་དེ་མངོན་གྱུར་མ་བྱུང་། བར་སྐབས་ནས་ལོ་ལྟར་ཧྥ་ཇག་ཚོ་དབྱར་ལ་གནས་སྲོལ་ཡོད་པ་ལྟར། ཇག་རོགས་ཚོ་དང་ལྷན་དུ་ས་ལྟ་ཡུལ་ལྟའི་གུང་གསེང་ལ་ཕྱིན། ནམ་རྒྱུན་ཁོམ་སྐབས་རེ་བྱུང་ན། ལོབས་ཕྱོགས་ཀྱི་དྲ་ཉུལ་བྱེད་གོམས་སུ་སོང་བས། གློག་བརྙན་འདིའི་སྐོར་ལ་དྲ་ཐོག་ནས་རྩོད་གླེང་དང་སྐྱོན་བརྗོད་བྱེད་ཅིང་། གློག་བརྙན་འདིས་བརྩམས་ཆོས་ངོ་མའི་མཛེས་དཔྱོད་རིན་ཐང་དང་། གནའ་བོའི་གྷི་རིག་གི་ཤེས་རིག་དཔལ་ཡོན་ལ་དམའ་འབེབ་བྱས་མིན་ཐད་གླེང་སློང་ཤུགས་ཆེན་བྱེད་བཞིན་པ་མཐོང་།
ལྷ་སྒྲུང་སྙན་ངག་དང་དངོས་བྲིས་གློག་བརྙན།
ནཱོ་ལན་གྱི་བརྩམས་ཆོས་གསར་པ་འདི། གནའ་བོའི་གྷི་རིག་ཤེས་རིག་གི་རིན་ཐང་གཞལ་དུ་མེད་པའི་ཕ་ནོར་ཆེན་པོ་བཞིའི་ཡ་གྱལ་སྟེ། སྙན་ངག་པ་ཧོ་མར་(Homer) གྱི་སྒྲུང་རབས་སྙན་ངག་« ཨོ་ཊི་སེ། » (The Odyssey) བརྗོད་བྱར་བཟུང་བའི་གློག་བརྙན་ཞིག་རེད། གནའ་བོའི་གྷི་རིག་གི་ཕ་ནོར་ཆེན་པོ་བཞི་ནི། ཧོ་མར་གྱི་སྒྲུང་རབས་སྙན་ངག་« ཨེ་ལི་ཡ་ཊི། » (The Iliad) དང་« ཨོ་ཊི་སེ། » སྙན་ངག་པ་ཧེ་སུའོ་ཊི་(Hesiod) ཡི་« ལས་དང་དུས་སྦྱོར། » (Work and Day) དང་« ལྷ་རབས། » (Theogony) གཉིས་བཅས་ཡིན། ཡོངས་གྲགས་སུ། ཧེ་སུའོ་ཊི་ཡིས་གནའ་བོའི་གྷི་རིག་གི་ཞིང་བའི་འཚོ་བ་དང་ལྷ་ཚོགས་ཀྱི་མཆེད་རབས་བྲིས་ཞིང་། ཧོ་མར་གྱི་བརྩམས་ཆོས་གཉིས་ནི་དཔའ་བོའི་རྟོགས་པ་བརྗོད་པའི་སྒྲུང་རབས་སྟོད་སྨད་གཉིས་སྟེ། ཁོང་གིས་གནའ་བོའི་གྷི་རིག་གི་གཡུལ་འགྱེད་དང་གཉན་མྱུལ། རྒྱལ་བོ་དང་སྐུ་དྲག་གི་འཚོ་བ་སྙན་ངག་གི་སྨྱུག་རྩེར་དྲངས་ནས། སྒྲུང་རབས་སྙན་ངག་གི་སྟོད་ཆ་« ཨེ་ལི་ཡ་ཊིས་ » དཔའ་བོ་གཡུལ་ལ་ཞུགས་པའི་རྟོགས་བརྗོད་དེ། ཐྲི་རོ་ཡའི་དམག་འཁྲུག་(Trojan War) གི་མཇུག་མཐའི་ཉིན་ལྔ་བཅུའི་‘གཡུལ་འགྱེད་’ཀྱི་བྱུང་བ་བརྗོད་ཅིང་། སྨད་ཆ་« ཨོ་ཊི་སེ་ » ཡིས་དཔའ་བོ་གཡུལ་ནས་གྱེས་པ་སྟེ། དམག་འཁྲུག་མཇུག་བསྒྲིལ་རྗེས་། དཔའ་བོ་ཕྱིར་རང་ཡུལ་དུ་ལོག་པའི་ལམ་བར་གྱི་ལོ་བཅུའི་‘གཉན་ཉུལ་’བརྗོད་ཡོད། བརྩམས་ཆོས་གཉིས་ཀ་ལྷ་སྒྲུང་ཡིན་སྟབས། ནང་གི་མི་སྣ་གཙོ་ཕལ་དང་དོན་རྐྱེན་ཆེ་ཆུང་གང་ཡིན་ཡང་། གནའ་བོའི་གྷི་རིག་གི་ལྷ་རབས་(Ancient Greek Mythology) ལས་བྱུང་བའི་ལྷ་ཚོགས་ཀྱི་མཆེད་རབས་དང་། སྒྱུ་འཕྲུལ་མཐུ་སྟོབས། མགོན་སྐྱབས་དཔུང་གཉེན། ལྷ་མིན་འདྲེ་སྲིན་གྱི་ཆོ་འཕྲུལ་དང་གནོད་འཚེ་སོགས། འཇིག་རྟེན་ཁམས་ཀྱི་རང་བྱུང་འབྱུང་ཁམས་ལས་བརྒལ་བའི་ལྐོག་གྱུར་གྱི་སྟོབས་ཤུགས་བཅས་ལ་ལུས་དང་གྲིབ་མ་བཞིན་འབྲལ་མེད་དུ་འགྲོགས་ཡོད།
ནཱོ་ལན་གྱི་གློག་བརྙན་འདིའི་སྔོན་དུ། ཕྱི་ལོ་༢༠༠༤ ལོར། འཁྲབ་འཁྲིད་པ་ཝོ་ཧྥུ་གྷན་ཕེ་ཊིར་སཱོན་(Wolfgang Peterse) ལགས་ཀྱིས་ཧོ་མར་གྱི་སྒྲུང་རབས་སྙན་ངག་« ཨེ་ལི་ཡ་ཊི་ » བརྗོད་གཞིར་བཟུང་ནས། སྐབས་དེར་སྙན་གྲགས་འཛམ་གླིང་ལ་ཁྱབ་པའི་གནའ་བོའི་དམག་འཁྲུག་གློག་བརྙན་« ཐྲི་རོ་ཡ་ » (Troy) ཞེས་པ་བཟོས་ཡོད། གློག་བརྙན་ནང་སྲིད་པའི་མཛེས་མར་གྲགས་པའི་སུ་པཱ་ཏའི་(Sparta) བཙུན་མོ་ཧེ་ལིན་(Helene) ཐྲི་རོ་ཡའི་རྒྱལ་སྲས་ཕ་རི་སིས་(Paris) གསང་འཁྲིད་བྱས་རྗེས། གྷི་རིག་གི་མཁར་རྫོང་མནའ་འབྲེལ་གླིང་ཕྲན་ཁག་གི་རྒྱལ་བོ་དང་དཔའ་བོ། སྐུ་དྲག་ཚོས་མཉམ་འབྲེལ་དཔུང་དམག་བཙུགས་ནས། ཐྲི་རོ་ཡར་དཔུང་སྣ་དྲངས་ནས་དམག་འཁྲུག་བསླངས་ཤིང་། གྷི་རིག་གི་དཔའ་རྒོད་དང་བོར་གྲགས་པའི་ཨ་ཁེ་ལི་སི་(Achilles) དང་། མཉམ་འབྲེལ་དམག་དཔུང་གི་སྤྱི་དཔོན་ཨ་གྷ་མན་ནོང་(Agamemnon) བར་ནང་ཁུལ་རྩོད་རྙོག་བྱུང་བས། ཨ་ཁེ་ལི་སི་གཡུལ་ངོར་ཞུགས་མཚམས་བཞག་ནས། གྷི་རིག་གི་དཔུང་འཇུག་ལ་ཕམ་ཉེས་ཆེན་པོ་བྱུང་ཞིང་། འཐབ་གྲོགས་ཚོ་རེ་རེ་བཞིན་གཡུལ་ས་ནས་འགྱེལ། དེ་དག་གི་ཤ་འཁོན་རྩོད་ཆེད་ཁོས་ཐྲི་རོ་ཡའི་རྒྱལ་སྲས་རྒན་པ་ཧེ་ཊོར་(Hector) བསད་པའི་བྱུང་བ་སོགས། གཞི་རྩའི་ཆ་ནས་ཧོ་མར་སྙན་ངག་གི་མཚར་སྡུག་དང་གཏམ་རྒྱུད་གྱི་འཕེལ་རིམ་ཐིག་རྩར་བཟུང་ཡོད་ནའང་། དེང་རབས་གློག་བརྙན་གྱི་དངོས་བྲིས་དོན་ཉིང་དང་གཏམ་རྒྱུད་འཆད་རིམ་གྱི་འགྱུར་འགྲོས་སོགས་ལ་སྒོ་བསྟུན་ནས། མ་རྩོམ་ནང་གི་ལྷ་སྒྲུང་གི་ཆ་སྟེ། རང་བྱུང་འབྱུང་ཁམས་ཀྱི་ལྷ་འཁྲུག་ཀླུ་འཁྲུག་གི་ཕྱོགས་ངོས་ཡོངས་རྫོགས་བརྙན་ངོས་སུ་མ་དྲངས་བར། དམག་འཁྲུག་དེ་འཇིག་རྟེན་མི་ཡུལ་གྱི་སོ་སྐྱེས་གཡུལ་འགྱེད་ཅིག་དང་། དམག་འཁྲུག་གི་དུས་ཡུན་ཡང་བརྩམས་ཆོས་གཉིས་ཀྱི་མཚར་སྡུག་གི་ཆ་སྟེ། « ཨེ་ལི་ཡ་ཊིའི་» རྩོམ་མཇུག་གི་བདུན་ཕྲག་འགའི་རིང་གི་རྣོ་ངར་ལྡན་པའི་དམག་འཁྲུག་དང་། « ཨོ་ཊི་སེའི་» རྩོམ་མགོའི་ཤིང་རྟའི་ཐབས་ཇུས་དང་ཐྲི་རོ་ཡའི་ཆག་འཇིག་གཙོ་བོར་བཟུང་བ་མ་ཟད། དཔའ་རྟུལ་ཚོ་གཙོས་པའི་གློག་བརྙན་ནང་གི་མི་སྣའི་བཀོད་སྒྲིག་ཡང་། མ་རྩོམ་དང་མ་བསྟུན་པར་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་བསྐྱར་བཅོས་བྱས་ཡོད། སྤྱི་ཡོངས་ཀྱི་གློག་བརྙན་དེར་དགའ་བསུ་ཆེན་པོ་ཐོབ་ནའང་། ཉི་མའི་ལྷ་ཆེན་ཨ་པོ་ལོའི་(Apollo) སྐུ་བརྙན་གྱི་མགོ་བོ་བཅད་པ་སོགས། གློག་བརྙན་ནང་སྒྲུང་རབས་སྙན་ངག་གི་མ་རྩོམ་ནང་མེད་ཅིང་། གནའ་བོའི་གྷི་རིག་ལྷ་སྒྲུང་གི་ཤེས་རིག་རིན་ཐང་ལྟ་ཚུལ་དང་མི་མཐུན་པའི་ཟུར་སྒྲུང་བརྙན་ཚན་ཁག་ཅིག་བཅུག་པ་དེར། ལྡོག་ཕྱོགས་ཀྱི་སྐྱོན་བརྗོད་ཀྱང་མི་ཉུང་བ་ཕོག་ཡོད།
ནཱོ་ལན་དང་ཕེ་ཊིར་སཱོན་སུ་ཡིན་ཡང་། ཧོ་མར་སྙན་ངག་གློག་བརྙན་དུ་བཟོ་མཁན་ཡིན་ནའང་། འཁྲབ་འཁྲིད་པ་གཉིས་ཀྱི་གློག་བརྙན་འཁྲབ་འཁྲིད་ཀྱི་གཉུག་གཤིས་མི་འདྲ་བ་དེས། བརྩམས་ཆོས་གཉིས་ཀྱི་གཏམ་རྒྱུད་འཆད་སྟངས་དང་དོན་ཉིང་འཚོལ་སྟངས་ཡང་མི་འདྲ་བ་ཡིན། ཕེ་ཊིར་སཱོན་གྱིས་ལྷ་སྒྲུང་གི་ཆ་ཡོད་ཚད་བརྙན་ངོས་ནས་རྒྱང་ཕུད་དུ་བཏང་ནས། འཇིག་རྟེན་མི་ཡུལ་གྱི་གནའ་བོའི་དམག་འཁྲུག་གློག་བརྙན་ཞིག་ཏུ་བཟོས་ཡོད། ནཱོ་ལན་དེ་ལས་ལྡོག་སྟེ། ཧོ་མར་གྱི་སྒྲུང་རབས་སྙན་ངག་གི་གཞུང་རྟ་གཞིར་བཞག་ཐོག ཐྲི་རོ་ཡའི་དམག་འཁྲུག་མཇུག་བསྒྲིལ་རྗེས། དཔའ་རྒོད་ཚོ་རེ་རེ་བཞིན་ཕྱིར་རང་གི་ཕ་ཡུལ་དུ་ལོག་སྐབས། གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་ཨེ་ཐ་ཁཱའི་(Ithaca) རྒྱལ་བོ་ཨོ་ཊི་སེའུ་སིས་(Odysseus) མཚོ་ལྷ་ཕོ་ཟི་ཌོན་(Poseidon) ལ་ཕོག་ཐུག་བཏང་སྟབས། ལྷའི་བཀའ་ཆད་ཕོག་ནས་ལོ་བཅུའི་ཉེན་ཚབ་དང་འཇིགས་སྣང་གི་བཞུད་ལམ་འགྲིམ་དགོས་བྱུང་ཞིང་། ལམ་བར་ནས་ཁོ་མི་ལུས་ཕག་གཟུགས་སུ་བསྒྱུར་མཁན་གྱི་སྒྱུ་མ་མཁན་དང་། མཐུ་སྟོབས་འབར་ཞིང་འཇིགས་དངངས་ཆེ་བའི་གྱད་མི་མིག་གཅིག་དང་། གཉན་པོ་མགོ་དགུ བར་དོའི་གཤིན་ཁམས་མྱུལ་བའི་སྤྱི་དཔོན་ཨ་གྷ་མན་ནོང་དང་། རང་གི་འཐབ་གྲོགས་ཚོ་དང་འཕྲད་ནས་སྐྱི་གཡའ་བའི་འཇིགས་པ་མྱངས་ཤིང་། དྲི་ཟའི་གདངས་དབྱངས་ངག་ལ་འགུག་མཁས་པའི་ཀླུ་མོ་ཟེ་རིན་གྱི་གླུ་སྐད་དང་། བརྗེད་ཟས་བརྗེད་ཆུ་བླུད་ནས་འཆི་མེད་དངོས་གྲུབ་སྩོལ་མཁན་གྱི་ལྷ་མོ་དང་འཕྲད་ནས་འདོད་བརྩེ་ལ་རོལ་བ་སོགས། འདྲེ་སྲིན་འབྱུང་བོའི་གནོད་འཚེ་དང་། ལྷ་མོ་ཀླུ་མོའི་བརྩེ་འདུན་བསླུ་བྲིད་སོགས་ལྷ་སྒྲུང་གི་ཆ་མཐའ་དག ཆེད་དུ་IMEX ཕབ་ལེན་འཕྲུལ་ཆས་ཀྱི་བརྙན་མིག་དུ་དྲངས་ནས། ཧ་ཅང་གི་བརྗིད་རྔམ་དང་བཅས་ལྟད་མོ་བའི་མིག་གི་དཔྱིད་དུ་བཤམས་ཡོད། འོན་ཀྱང་། དེ་དག་མི་སྣའི་འཁྲུལ་རྟོག་ཡིད་བརྙན་ཙམ་ལས་འཇིག་རྟེན་ཚུར་སྣང་གི་ངོ་བོར་བཟོས་མེད། དེར་བརྟེན། གློག་བརྙན་བརྩམས་ཆོས་གཉིས་ཀྱི་གང་ཡིན་ཡང་། སྤྱི་དོན་གྱི་ཆ་ནས། ང་ཚོས་རོལ་མྱོང་བྱས་པ་ནི། ཧོ་མར་སྙན་ངག་བརྗོད་གཞིར་བཟུང་བའི་གནའ་བོའི་དམག་འཁྲུག་གློག་བརྙན་ཞིག་ལས། ལྷ་སྒྲུང་གློག་བརྙན་ཞིག་ལ་བལྟས་མེད་པ་དེ་ཡིན།
ཁ་ཐོར་གྱིས་གྲུབ་པའི་གཏམ་རྒྱུད་ཧྲིལ་བོ།
ནཱོ་ལན་གྱི་« ཨོ་ཊི་སེ་» གློག་བརྙན་ནང་། མཚེར་སྡུག་འབར་ཞིང་མི་སེམསས་ལ་བརྗིད་ཉམས་སྟེར་བའི་བརྙན་རིས་མང་བོའི་ཁྲོད། མཛེས་དཔྱོད་ཀྱི་བཟོ་བཀོད་སྤུས་དག་པའི་ཐྲི་རོ་ཡའི་ཤིང་བཟོས་རྟ་ཕོ་དེ། ཁོག་སྨད་རྒྱ་མཚོའི་ནང་ནུབ་ཅིང་ཁོག་སྟོད་མཚོ་ངོགས་ནས་གྱེན་དུ་བསྒྲེངས་པའི་བརྙན་རིས་བརྒྱུད། ཤུགས་སྒྲ་རིང་ལ་ཅུང་རྩུབ་སྤྱོད་འདྲེས་མའི་རོལ་དབྱངས་ཤིག་དང་ལྷན་དུ། རྒྱང་རིང་ནས་རིམ་གྱིས་མིག་མདུན་དུ་དྲུད་ཡོང་སྐབས། ཧ་ཅང་གི་ལྐོག་གྱུར་དང་གསང་བ། ཡང་ན་རབ་རིབ་ཀྱི་ཚོར་རླབས་ཤིག་རང་བཞིན་གྱིས་འཕྱུར་དུ་འཇུག བརྙན་རིས་འདི་མཐོང་སྐབས། ཐོག་མའི་ཚོར་སྣང་ནི་‘ཧོ་མར་སྙན་ངག་’ནང་གི་སྐད་གྲགས་ཅན་གྱི་ཐྲི་རོ་ཡའི་ཤིང་རྟའི་ཡིད་བརྙན་འདི་འདྲ་ཞིག་མིན་ནམ་སྙམ་དུ་འཇུག འོན་ཀྱང་། དོན་དངོས་ཐོག ང་ཚོའི་ཡིད་ངོར་འཇགས་པའི་ཤིང་རྟའི་ཐབས་ཇུས་ཀྱི་གཏམ་རྒྱུད་དེ། ཧོ་མར་གྱི་ཐྲི་རོ་ཡའི་དམག་འཁྲུག་གི་བྱུང་བ་བརྗོད་པའི་« ཨེ་ལི་ཡ་ཊི་» ནང་བྱུང་མེད་ལ། « ཨོ་ཊི་སེའི་» ནང་དུའང་ཕྱོགས་ཙམ་ལས་འདི་ལྟའི་མཛེས་དཔྱོད་དང་བརྗིད་ཉམས་ལྡན་ཞིང་། གསང་བ་དང་ལྐོག་གྱུར་གྱི་ཚོར་ཤུགས་འདྲེན་པའི་ཞིབ་ཚགས་ཀྱི་འབྲི་བཞེངས་གང་ཡང་མཐོང་རྒྱུ་མེད། ཤིང་རྟ་ཙམ་དུ་མ་ཟད། ང་ཚོར་ཆ་རྒྱུས་ཆེ་ཞིང་བག་ཆགས་ཟབ་པའི་ཐྲི་རོ་ཡའི་དམག་འཁྲུག་ཁྲོད་ཀྱི་གྲགས་ཆེའི་སྒྲུང་ཚན་ཕལ་ཆེ་བ་སྟེ། ཤིང་རྟའི་ཁོག་ཏུ་དམག་མི་བསྐོང་ནས་བཙན་རྗོང་ལ་གཏོར་རྒོལ་བཏང་ཞིང་། ཐྲི་རོ་ཡའི་མཁར་རྫོང་ལ་ཆག་འཇིག་བྱུང་ནས་གནའ་བོའི་ཤེས་རིག་གི་དཔལ་ཡོན་རྒུད་པ། ཨ་ཁེ་ལོ་སི་ལ་དུག་མདའ་ཕོག་ནས་དཔའ་རྒོད་ཅིག་གི་རྟོགས་བརྗོད་འབྲི་མཚམས་ཆད་པ་སོགས། གཏམ་རྒྱུད་གྱི་མཐོ་རླབས་འདི་དག་མ་འཕྱུར་བའི་སྔ་རོལ་ཏུ། ཧོ་མར་གྱི་སྒྲུང་རབས་སྙན་རྩོམ་རིང་མོའི་སྟོད་ཆ་དེ། ཐྲི་རོ་ཡའི་མཐའ་མཇུག་གི་མཁར་སྲུང་བ་སྟེ། རྒྱལ་སྲས་རྒན་པ་ཧེ་ཊོར་གྱི་དུར་འཇུག་གཤིན་ཆོས་སྒྲུབ་པའི་ཆོ་གའི་ཁྲོད་མཇུག་བསྒྲིལ་ཡོད། དེས་ན། ང་ཚོར་རྣ་བྱང་དུ་སོང་བའི་མཚར་སྡུག་གི་སྒྲུང་རིམ་འདི་དག་གང་ནས་ཡོང་བ་ཡིན་ནམ།
གནའ་བོའི་གྷི་རིག་གི་ཤེས་རིག་ཁྲོད། ཧོ་མར་སྒྲུང་རབས་སྙན་རྩོམ་རིང་མོ་ལས་གཞན། ད་དུང་དམངས་ཁྲོད་དུ་ཁ་ཐོར་དང་ཆ་ཚང་མིན་པའི་ཐྲི་རོ་ཡའི་དམག་འཁྲུག་སྐོར་གྱི་མུ་འབྲེལ་སྒྲུང་རབས་སྙན་རྩོམ་ཁག་ཅིག་ཡོད། དེང་སྐབས་དེ་དག་ལ་ཐུན་མོང་གིས་« སྒྲུང་རབས་སྙན་རྩོམ་ཕྱོགས་བསྒྲིགས་ » ཞེས་འབོད་ཅིང་། སྒྲུང་རབས་དེ་དག་དེང་གི་བྱིས་པའི་རིས་སྒྲིག་རྩེད་ཆས་ཤིག་དང་འདྲ་བར། མཉམ་རུབ་ཀྱིས་ཐྲི་རོ་ཡའི་དམག་འཁྲུག་གི་མགོ་འཛུགས་དང་འཕེལ་རིམ། མཇུག་སྒྲིལ་བཅས་ཀྱིས་བྱུང་བ་མ་ཟད། དམག་འཁྲུག་རྗེས་ཀྱི་མཇུག་འབྲས་སོགས་ཀྱང་རེ་རེ་བཞིན། རྩེད་ཆས་ཀྱི་རི་མོའི་ལྷུ་ཚིགས་འཕྲོད་པ་ལྟར་ཆ་ཚང་དང་ཧྲིལ་བོར་བཟོས་ཡོད། དེ་དག་ལས་ « The Cypria » སྒྲུང་རབས་སྙན་རྩོམ་གྱིས་དམག་འཁྲུག་གི་བྱུང་རབས་མགོ་འཛུགས་སྟེ། གྷི་རིག་ལྷ་སྒྲུང་ནང་གི་གསེར་གྱི་ཀུ་ཤུས་བསླངས་པའི་ལྷ་མོ་གསུམ་གྱི་‘མཛངས་མའི་འགྲན་བསྡུར་’ཁྲོད། ཐྲི་རོ་ཡའི་སྲས་ཆུང་ཕ་རི་སིས་མཛངས་མའི་དབུ་རྒྱན་འདོད་པའི་ལྷ་མོ (Aphrodite) ལ་སྤྲད་ཅིང་། དེའི་ཚབ་ཏུ་གནང་བ་ཐོབ་པའི་མཛེས་མ་ཧེ་ལིན་གསང་འཁྲིད་བྱས། གཉེན་འཕྲོག་རྩོད་གཞི་དེའི་དབང་གིས་གྷི་རིག་རྫོང་མཁར་རྒྱལ་ཕྲན་ཁག་གིས་གནའ་འབྲེལ་དམག་ཚོགས་བརྒྱབས་ནས། ཐྲི་རོ་ཡི་མཁར་རྫོང་དུ་དམག་དྲངས་པའི་དམག་འཁྲུག་གི་ཐོག་མའི་ལོ་དགུའི་བྱུང་བ་ཞིབ་ཚགས་སུ་བཀོད་ཡོད་པར་གྲགས་ཤིང་། ཨ་ཁེ་ལོ་སིའི་དཔའ་མཛངས་རྟུལ་ཕོད་ཀྱི་རྟོགས་བརྗོད་ནི། གཙོ་བོ་ « The Aethipis » ཞེས་པའི་སྒྲུང་རབས་ནང་གསལ་ཡོད། སྒྲུང་རབས་སྙན་རྩོམ་འདིའི་ནང་རྫོང་མཁར་རྒྱལ་ཕྲན་གྱི་དམག་ཚོགས་བརྒྱབ་རྗེས། ཡཱ་མ་སིའི་རྒྱལ་མོ་(Amezones) དང་རྒྱལ་སྲས་(Aethiopia) སོགས་དཔུང་རོགས་སུ་འབྱོར་ཞིང་། དམག་འཁྲུག་ཁྲོད་རེ་རེ་བཞིན་ཨ་ཁེ་ལོ་སིའི་ལག་ནས་ཚེ་སྲོག་ཤོར། མཇུག་མཐར་ཨ་ཁེ་ལོ་སི་རང་ཉིད་ཀྱང་གཡུལ་སར་ཚེ་སྲོག་ཤོར་བ་སོགས་བཀོད་ཡོད། ཨ་ཁེ་ལོ་སི་ཤི་རྗེས་ཀྱི་ཤིང་རྟའི་ཐབས་ཇུས་ཀྱི་གཏམ་རྒྱུད་ནི། « The Little Iliad » ཞེས་པའི་སྒྲུང་རབས་ནང་གསལ་ཞིང་། དེའི་ནང་གྷི་རིག་གི་ལྷ་བཟོ་བའི་སྐྱབས་འཇུག་ལྟར། ལྷ་མོ་ཨ་ཐྲི་ནཱས་(Athena) སྒྱུ་འཕྲུལ་སྤྱད་ནས་ཤིང་བཟོའི་རྟ་མཆོག་བསྐྲུན་ཅིང་། དམག་མི་རྟའི་ཁོག་ཏུ་སྦས་ནས་ཇི་ལྟར་ཐྲི་རོ་ཡའི་བཙན་མཁར་གཏོར་བའི་བྱུང་བ་བྲིས་ཡོད། « The Fall of Ilion / The Sack of Troy) ཞེས་པའི་ནང་། ཐྲི་རོ་ཡར་ཆག་འཇིག་བྱུང་ནས་ཤེས་རིག་རྒུད་པའི་མཚན་མོ་དེའི་བྱུང་བ་ཡོད་ཚད་དེ། གྷི་རིག་གི་སྦས་དམག་ཚོ་ཇི་ལྟར་ཤིང་རྟའི་ཁོག་ནས་ཐོན་ཞིང་། ཇི་ལྟར་ཐྲི་རོ་ཡེར་ཁྲག་གི་འཁོར་ལོ་བསྐོར་ནས། ལོ་བཅུའི་རིང་བརྟན་སྲུང་ཐུབ་པའི་བཙན་མཁར་འདིར་མི་གསོད་རྒྱུ་འཕྲོག་གི་ཡ་ངའི་དོན་རྐྱེན་ཅི་བྱུང་གསལ་ཡོད་པར་གྲགས།
ཐྲི་རོ་ཡའི་དམག་འཁྲུག་གི་མགོ་ནས་མཇུག་བར་རྒྱུན་མཐུད་པའི་སྒྲུང་རབས་སྙན་ངག་ལ་འགའ་ཤས་ཡོད་པ་ལྟར། དམག་འཁྲུག་རྗེས་ཀྱི་བྱུང་བའི་སྐོར་ལའང་དེ་མཚུངས་ཀྱི་སྒྲུང་རབས་སྙན་རྩོམ་འགའ་ཡོད། « Nostoi » ཞེས་པའི་ནང་ཆེད་དུ་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་རྟུལ་ཚོ་རང་ཡུལ་དུ་ཕྱིར་ལོག་སྐབས་ཀྱི་འགོག་རྐྱེན་སྣ་ཚོགས་དང་། གཙོ་བོ་མནའ་འབྲེལ་དཔུང་དམག་གི་སྤྱི་དཔོན་ཨ་གྷ་མན་ནཱོང་ཕྱིར་རང་ཡུལ་དུ་འབྱོར་རྗེས། ཆུང་མ་དང་ཆུང་མའི་ཟུར་བསྟེན་དགའ་རོགས་གཉིས་ཀྱིས་ལྐོག་གསོད་བཏང་བའི་སྐྱོ་གར་བརྗོད་ཡོད། ཧོ་མར་གྱི་« ཨོ་ཊི་སེ་ » ལས་གཞན། ཨོ་ཊི་སེའུ་སིའི་སྐོར་ལའང་« Telegony » ཞེས་པའི་སྒྲུང་རབས་གཞན་ཞིག་ཡོད་མ་ཟད། དེས་མུ་མཐུད་ནས་ཁོའི་ཚེ་མཇུག་གི་བྱུང་བ་རྣམས་བརྗོད་ཡོད་པར་གྲགས། སྒྲུང་རབས་སྙན་རྩོམ་འདི་དག་ཕྱོགས་གཅིག་ཏུ་བསྡུས་ན། ད་གཟོད་ང་ཚོའི་རྣ་བར་འབྱར་ཞིང་ཡིད་ངོར་འཇགས་པའི་ཐྲི་རོ་ཡའི་དམག་འཁྲུག་སྟེ། དམག་འཁྲུག་སློང་རྐྱེན། གཡུལ་འགྱེད་བརྒྱུད་རིམ། དཔའ་བོའི་དཀྲོངས་རྐྱེན། ཤིང་རྟའི་ཐབསས་ཇུས། བཙན་རྫོང་གཏོར་བཅོམ། ཤེས་རིག་ཉམ་རྒུད། གཡུལ་ལས་རྒྱལ་ཞིང་། གཡུལ་དང་གྱེས་པ་སོགས་ཀྱི་བྱུང་བ་ཧྲིལ་བོ་དེ་ཡིན། ཧོ་མར་གྱི་« ཨེ་ལི་ཡ་ཊི་» དང་« ཨོ་ཊི་སེ་» གཉིས་ཀྱིས་བྱུང་བ་འདི་དག་ལས་ཆེས་མཚར་སྡུག་གི་དུམ་ཚན་དེ་བྲིས་པ་ལས། བྱུང་རབས་ཧྲིལ་བོ་ཁ་ཐོར་དང་ཆ་མ་ཚང་བའི་སྒྲུང་རབས་སྙན་རྩོམ་འདི་དག་གིས་གྲུབ་པར་གྲགས།
གློག་བརྙན་ནང་། ནཱོ་ལན་གྱིས་ཧོ་མར་སྙན་ངག་གི་སྨྱུག་རྩེ་ནས་མ་བཞུར་བའི་བརྗིེད་ཉམས་ཀྱིས་ཁེངས་ཤིང་། མཛེས་དཔྱོད་ཀྱི་གསོན་ཉམས་དོད་པའི་ཤིང་རྟ་ཞིག་བརྙན་ངོར་དྲངས་ཤིང་། ཐྲི་རོ་བ་རྣམས་ཀྱིས་ཤིང་རྟ་མཁར་རྫོང་དུ་གདན་འདྲེན་གྱི་སྣང་ཚུལ་ཡང་། བྱུང་བ་དེའི་ལོ་རྒྱུས་སྟེང་གི་ཚབ་མཚོན་རི་མོ་སྟེ། ཕྱི་ལོ་༡༧༦༠ ལོར་ཨི་ཊ་ལིའི་ཝེ་ནི་སིའི་རིང་ལུགས་ཀྱི་སྒྱུ་རྩལ་མཁན་པོ་ཌིའེ་ཕོ་ལོས་(Giambattista Tiepolo) བྲིས་ཤིང་། དེང་དབྱིན་ཇིའི་རྒྱལ་ཡོངས་རི་མོ་འགྲེམ་སྟོན་ཁང་གི་ནང་རྟེན་གཙོ་བོ། « ཤིང་རྟ་གདན་ཞུ་» ཞེས་པའི་སྣུམ་ཚོན་རི་མོའི་དགའ་ཚོར་དང་ཞི་ཉམས་ལས་བརྒལ་ཏེ། ཧ་ཅང་གིས་ཁྲག་དམར་འཁོལ་ཞིང་གདུག་རྩུབ་ཅན་ཞིག་ཏུ་ཕབ་སྐྲུན་བྱས་པ་ནི། ཐྲི་རོ་ཡའི་དམག་འཁྲུག་གི་གཏམ་རྒྱུད་དེ་ཁ་ཐོར་དང་ཆ་མི་ཚང་བའི་སྒྲུང་རབས་མང་བོས་གྲུབ་ཅིང་། རྒྱུན་འཛིན་དང་དར་སྤེལ་གྱི་གོ་རིམ་ནང་། སྐབས་ཐོག་སོ་སོའི་བྱུང་རབས་ལའང་ཟློས་གར་འཁྲབ་གཞུང་བ་དང་། རོ་མཱན་སྙན་ངག་པ། རྫ་ཆས་རི་མོ་བ་སོགས་ཀྱིས་སྒྱུ་རྩལ་ལས་སྣོན་གྱི་ཚེ་སྲོག་གསར་པ་བསྣན་མྱོང་བ་ལྟར། ནཱོ་ལན་གྱིས་ཀྱང་རང་གི་དུས་རབས་ཀྱི་ཟུར་ཁ་ནས། རང་གི་བརྩམས་ཆོས་ལ་མཁོ་བའི་མཛེས་བཟོ་ཐེངས་ཤིག་བྱས་པའམ། ཡང་ན། ཧོ་མར་སྙན་ངག་ལས་བརྒལ་བའི་གཏམ་རྒྱུད་ཀྱི་སྒྲོམ་གཞི་དང་འཕེལ་རིམ་གཞན་ཞིག་ལ་འཐམ་ཡོད་པ་བསྟན་འདུག་འདོད།
རྙོག་འཛིང་ཅན་གྱི་སྐྱེས་པ་ཞིག
‘ང་ལ་རྙོག་འཛིང་ཅན་གྱི་སྐྱེས་པ་དེའི་གཏམ་རྒྱུད་གསུང་རོགས།’’ འདི་སློབ་དཔོན་ཆེན་མོ་ཨི་མཱེ་ལི་ཝི་སཱོན་(Emily Wilson) ལགས་ཀྱི་དབྱིན་འགྱུར་དཔར་གཞི་ལས་བྱུང་ཞིང་། ཧོ་མར་སྒྲུང་རབས་སྙན་ངག་གི་སྨད་ཆའི་མགོ་འཛུགས་ཀྱི་ཚིག་རྐང་དང་བོ་དེ་རེད། བཤད་ཚུལ་ལ་འགྱུར་ཚིག་གསར་པ་འདིས་ད་གཟོད་འཁྲབ་འཁྲིད་པ་ནཱོ་ལན་ལ། གློག་བརྙན་« ཨོ་ཊི་སེ་ » གསར་དུ་ཕབ་སྐྲུན་གྱི་ཐོག་མའི་བསམ་གཞིགས་དེ་བསླངས་པ་རེད་ཟེར། ཕྱི་ལོ་༢༠༡༧ ལོར་སློབ་དཔོན་ཨི་མཱེ་ལི་ཡི་འགྱུར་གསར་དཔར་གཞི་འདི་མ་ཐོན་པའི་སྔོན་དུ། ཧོ་མེར་གྱི་སྒྲུང་རབསས་སྙན་རྩོམ་ཆེན་མོ་ལ་དབྱིག་ཡིག་གི་འགྱུར་མི་འདྲ་བ་དྲུག་ཅུ་ལྷག་བྱུང་ཞིང་། ཁོ་མོ་ནི་བརྩམས་ཆོས་འདི་དབྱིན་སྒྱུར་གནང་མཁན་གྱི་བུད་མེད་ལོ་ཙཱ་བ་གཅིག་བུ་དེ་ཡིན་པར་བཤད། ཧོ་མེར་གྱིས་རང་གི་བརྩམས་ཆོས་ནང་མི་སྣ་གཙོ་བོ་ཨོ་ཊི་སེའུ་སི་འབྲི་བཞེངས་སྐབས། གྷི་རིག་སྐད་ཀྱི་ཁྱད་ཚིག་‘‘པོ་ལཱི་ཊི་རོ་ཕུ་’’(polytropos) ཞེས་པ་འདི་སྤྱད་ཡོད། གྷི་རིག་གི་ཁྱད་ཚིག་འདི་ལ་ད་བར་འགྱུར་ཡིག་ཁག་ནང་གཅིག་གྱུར་གྱི་ངེས་གཏན་བྱུང་མེད་པར། མཚམས་ལ་ལར་‘‘བློ་མང་རིག་རྒོད་ཅན་’’དང་‘‘ཐབས་བརྒྱ་ཇུས་སྟོང་ཅན།’’ ཡང་ན་‘‘ཉམས་མྱོང་ཕུན་ཚོགས་ཅན་’’ལྟ་བུར་བསྒྱུར་ཡོད། འོན་ཀྱང་། སློབ་དཔོན་ཨི་མཱེ་ལིས་གོ་བ་ལེན་སྟངས་ཀྱི་ཆ་ནས་དབྱིན་ཡིག་གི་ཁྱད་ཚིག་‘‘རྙོག་འཛིང་ཅན་’’Complicated) ཞེས་པར་བསྒྱུར་ཅིང་། ཁོ་མོའི་ཤེར་རྟོག་རིག་འདེད་ཀྱི་གོ་དོན་འགྲེལ་སྟངས་ནི། མི་སྣ་གཙོ་བོ་ཨོ་ཊི་སེའུ་སི་ནི་དམག་འཁྲུག་ཁྲོད་དཔའ་མཛངས་རྟུལ་ཕོད་དང་། བློ་རིག་སྤྱང་གྲུང་འཛོམས་པའི་ཤིང་རྟའི་ཐབས་ཇུས་འདོན་མཁན་དེ་ཡིན་ནའང་། ལས་འབྲས་དང་མི་ཆོས་ཀྱི་ཆ་ནས། རང་གཞན་གཉིས་མགོ་གཡོག་མགོ་བསྐོར་དང་། ཕམ་དམག་གདུག་གསོད་བྱེད་མཁན། གཞན་འབངས་རང་བྲན་དང་། ཁྱིམ་མིའི་བརྩེ་བར་རྒྱབ་གཏོད་བྱེད་མཁན་གྱི་མི་བུ་ཐ་ཤལ་བ་སྟེ། མི་གཤིས་ཀུན་གཞི་ཁ་བྲལ་དུ་སོང་བའི་སྐྱེས་པ་རྙོག་འཛིང་ཅན་ཞིག་ཡིན་པ་དེ་རེད།
‘‘སྐྱེས་པ་རྙོག་འཛིང་ཅན།’’(Complicated Man) མིང་ཚིག་འདི་ཙམ་མིན་པར། ཁོ་མོས་དེ་མཚུངས་ཀྱི་འགྱུར་བ་གཞན་ཡང་བཏང་ཡོད། དཔེར་ན། སྒྲུང་རབས་སྙན་ངག་འདིའི་མཇུག་རིམ་ནང་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་སྐབས། བདེན་པ་རྒྱལ་བའི་ཁ་གཡང་ཁྲོད་སྡེབ་གསོད་བྱས་པའི་ནང་འཁོར་བུད་མེད་ཚོ་ལྟ་བུ་ཡིན། ཨོ་ཊི་སེའུ་སི་ཕྱིར་རང་ཡུལ་དུ་ལོག་རྗེས། ཁོས་ཕོ་བྲང་གི་ནང་འཁོར་བུད་མེད་ཚོ་དང་གཉེན་སློང་དུ་ཡོང་བའི་བཙན་འཛུལ་བ་ཚོའི་བར་ལུས་འབྲེལ་ཡོད་པ་ཤེས་རྗེས། ཚང་མར་སྡེབ་གསོད་ཀྱི་ཁྲིམས་ཆད་བཅད་ནས་སྲོག་ཐོག་ཏུ་བཏང་། ནང་འཁོར་བུད་ཚོ་དེ་ཚོར་འགྱུར་ཡིག་སྔ་མ་ཁག་གི་ནང་སྟེ། ཕྱི་ལོ་༡༦༡༤ ལོར་དབྱིན་ཇིའི་སྙན་ངག་པ་ཇོར་ཇི་ཆུབ་མན་(George Chapman) ལགས་ཀྱིས་‘‘དམ་ཉམས་གཡོག་མོ་’’དང་། ཕྱི་ལོ་༡༧༢༥ ལོར་ཨ་ལེ་སཱེན་ཊིར་པོད་(Alexander Pope) ལགས་ཀྱིས་‘‘ནང་འཁོར་ཉེས་ཅན།’’ ཕྱི་ལོ་༡༩༩༦ ལོའི་ཚང་མའི་དགའ་མོས་ཆེ་ཤོས་ཀྱི་དཔར་གཞི་ནང་། སྐུ་ཞབས་རོ་བྷར་ཧྥ་གྷལ་(Robert Fagle) ལགས་ཀྱིས་‘‘འཆལ་མོ་’’ཞེས་སུ་བསྒྱུར་ཡོད། གནའ་བོའི་གྷི་རིག་གི་མིང་ཚིག་[dmoai] ལ་དམ་ཉམས་དང་། ཉེས་ཅན། འཆལ་མོ་སོགས། མི་ཆོས་བཟང་སྤྱོད་དང་འབྲེལ་བའི་ཕྱོགས་ངོས་ཀྱི་གོ་དོན་མེད་ཅིང་། སྐུ་དྲག་མི་དཔོན་གྱི་དགོས་འདུན་ངག་བཀོད་ལ་བཀའ་ལན་སློག་མི་ཆོག་མཁན་སྟེ། རང་དབང་བྲལ་བའི་བྲན་གཡོག་གི་གོ་དོན་ཤུགས་ཆེར་ཡོད་སྟབས། སློབ་དཔོན་ཨི་མཱེ་ལིས་‘‘བྲན་མོ་’’སྟེ། མི་ཆོས་ཀུན་སྤྱོད་ལས་མི་གཞི་ཐོབ་ཐང་ཕྱོགས་ངོས་ཀྱི་མིང་ཚིག་ཅིག་ཏུ་བསྒྱུར་ཡོད། ང་ཆོས་ལྟོས་ཚོད་ལ་སྟབས་བདེའི་ཡིག་སྒྱུར་ཙམ་ཞིག་ཏུ་མཐོང་ནའང་། ཁོ་མོའི་འགྱུར་ཚིག་གསར་པའི་བརྡ་འདེད་གོ་དོན་དེ་དག་གིས། སྐབས་དེར་ནུབ་ཕྱོགས་རྩོམ་རིག་གི་འཇིག་རྟེན་ལ་འབར་རྫས་བཀད་པ་ལྟ་བུའི་རྩོད་གླེང་བྱུང་ཞིང་། ཕྱིས་སུ་གསར་ལམ་ཁག་ཏུ་དེ་ལ་‘‘རིག་གཞུང་གི་དམག་འཁྲུག་’’ ཐེངས་ཤིག་ཏུ་འབོད།
མ་རྩོམ་གྱི་འགྱུར་ཡིག་ཁག་ལ་གོ་དོན་བརྡ་འདེད་ཀྱི་རིགས་ལམ་རྣོ་ཞིང་མི་འདྲ་བ་ལྟར། ནཱོ་ལན་གློག་བརྙན་ལའང་དེ་མཚུངས་ཀྱི་རིག་འདེད་བྱེད་དགོས་པ་མང་། གལ་སྲིད་མིང་ཚིག་གཅིག་གི་འགྱུར་ཡིན་ཡང་ཏག་ཏག་ཅིག་བསྒྱུར་མེད་ཚེ། གློག་བརྙན་ཧྲིལ་བོའི་ནང་དོན་དང་བརྗོད་དོན་གཙོ་བོ་ལ་གོ་ནོར་ཐེབས་སྲིད། གློག་བརྙན་མགོ་འཛུགས་སྐབས། ‘‘A time of apparent magic’’ ཞེས་པའི་ཡིག་རིས་རྐང་འགའ་བརྙན་ཡོལ་སྟེང་ཤར་ཡོང་། ཐད་ཀར་གྱི་ཆ་ནས། འདི‘‘སྣང་འཕྲུལ་སྒྱུ་མས་ཁེངས་བའི་དུས་རབས་ཤིག་’’ཅེས་པ་ལྟ་བུར་བསྒྱུར་དགོས་ཤིང་། གློག་བརྙན་འདིའི་རྒྱ་ནག་གི་དཔར་གཞིའི་བརྙན་ཡིག་ནང་དེ་ལྟར་བསྒྱུར་ཡོད། འོན་ཀྱང་། ང་ཚོས་འགྱུར་འདི་གཞིར་བཞག་གིས་གློག་བརྙན་ལ་གོ་བླངས་ཚེ། གོ་ལོག་ཐེབས་ནས་ནཱོ་ལན་གྱི་བརྩམས་ཆོས་གསར་པ་འདི་ལྷ་སྒྲུང་གློག་བརྙན་ཞིག་ཏུ་འཁྲུལ་ངེས་ཡིན། དབྱིན་ཡིག་གི་ཚིག་འདིའི་ཐད་ཀར་གྱི་འགྱུར་ནི་‘‘ཁེངས’’ཡིག་ཡིན་ནའང་། དེ་ལ་ཕུགས་འདེད་ཀྱི་གོ་དོན་ཡན་གར་བ་གཉིས་ཡོད། གཅིག་ནི་‘‘མངོན་གསལ་དོད པོ་’’དང་། གཞན་དེ་‘‘ལྟོས་ཚོད་དོད་པོ་’’ཞེས་པ་དེ་ཡིན། ནཱོ་ལན་གྱི་དབྱིན་ཚིག་འདིའི་གོ་དོན་ནི་ཕྱི་མ་དེ་ཡིན་པར་སེམས་ལ། གཏམ་རྒྱུད་ཀྱི་བརྒྱུད་རིམ་ཆ་ནས་བལྟས་ཀྱང་དེ་ལྟར་ངེས་ཤེས་བརྙེད་ཐུབ།
གློག་བརྙན་ནང་། ནཱོ་ལན་གྱིས་རང་གི་མི་སྣ་གཙོ་བོ་ཨོ་ཊི་སེའུ་སི་བརྙན་བཞེངས་བྱེད་སྐབས། གཏན་འཁེལ་རང་བཞིན་གྱི་རྟགས་ཐམ་ཞིག་ཕབ་ཡོད། ཁོའི་ཞེ་ཕུག་ན་རང་ཉིད་བརྒལ་མི་ཐུབ་པའི་རྡོ་ཐེམ་ཞིག་གམ། ཡང་ན་ཁོ་ལ་རུས་རྐང་ནང་ཟུག་པའི་ཡིད་ཆེས་ཤིག་ཡོད་པ་ནི། བརྒྱུད་རིམ་ལ་དྲང་བདེན་དགོས་ཤིང་། བརྒྱུད་རིམ་ལ་དྲང་བདེན་བྱུང་ན། མཇུག་འབྲས་ད་གཟོད་དྲང་བདེན་ཡིན་པའི་མཛངས་སྤྱོད་སྡོམ་ཚིག་དེ་ཡིན། གློག་བརྙན་ནང་ཡང་ནས་བསྐྱར་དུ་དེ་སྐོར་འགྲེལ་བརྗོད་བྱས་ཡོད། ཨོ་ཊི་སེའུ་སིས་ཕ་རོལ་བོ་ལ་མདའ་མོ་གཏོད་སྐབས། སྔོན་ལ་གཞུ་སྟོང་འཐེན་ནས་གཞུ་ཐིག་གི་སྟོང་སྒྲ་ཞིག་གྲག་ཏུ་འཇུག་ངེས། དེ་ནི་ཕ་རོལ་བ་ལ་གྲ་སྒྲིག་དགོས་པའི་སྔོན་བརྡ་སྟོན་པ་ཡིན། ཁོས་གཡུལ་ལ་ཞུགས་སྐབས་རང་གི་དགྲོ་བོ་ལ་དེ་ལྟར་བྱེད་ཅིང་། རྔོན་ལ་འགྲོ་སྐབས་ཉམ་ཆུང་རི་དྭགས་ལའང་དེ་ལྟར་བྱེད། ཕ་རོལ་བོ་ལ་བརྡ་བསྟན་ནས་གྲ་སྒྲིག་གི་དུས་ཚོད་སྤྲོད་པ་ནི། བརྒྱུད་རིམ་གྱི་དྲང་བདེན་ཡིན། གཡུལ་འགྱེད་དང་རྔོན་ལས་གང་ཡིན་ཡང་། ཁོས་འདི་ལྟར་གཟི་བརྗིད་དང་ཆེ་མཐོང་ཁྱེར་ནས་ལས་ལ་ཞུགས་ཀྱི་ཡོད། འདི་ནི་ཁོས་ཆེས་མ་མཐའི་རང་ཉིད་ལ་གཏན་འཁེལ་བྱས་པའི་མི་གཞིའི་ཚད་ཐིག་དང་། རང་ཉིད་རྟུལ་ཕོད་ཅན་གྱི་དཔའ་རྒོད་ཅིག་ཡིན་པ་མཚོན་བྱེད་ཀྱི་མཛངས་རྟགས་ཡང་ཡིན། འོན་ཀྱང་། འདི་འདྲའི་ཁྱད་འཕགས་ཀྱི་སྐྱེས་པ་དེས། ཐྲི་རོ་ཡའི་དམག་འཁྲུག་ནང་ཤིང་རྟའི་ཇུས་ངན་བཏོན་ཞིང་། ཞི་འགྲིག་གི་བསླུ་ཚིག་སྤྱད་ནས་ཤིང་རྟ་ལེགས་སྐྱེས་སུ་སྤྲད། དམག་མི་ཤིང་རྟའི་ཁོག་ཏུ་སྦས་ནས་གཞན་གྱི་བཙན་རྫོང་ལྕགས་མཁར་ནང་འཛུལ། གྲོང་ཁྱེར་བཅོམས་ཤིང་མི་སེར་སྡེབ་གསོད་བྱས། ཤེས་རིག་དཔལ་ཡོན་རྒུད་པའི་མི་སྲིན་བརླང་སྤྱོད་སྤེལ། ཁོས་དེ་ལྟར་ལོ་ངོ་བཅུའི་རིང་རྒྱལ་ཕམ་ལ་དྲང་བདེན་གྱི་དབྱེ་ཐག་མ་ཆོད་པའི་དམག་འཁྲུག་ཅིག གཡོ་ཇུས་ངན་པའི་ཁྲག་གི་འཁོར་ལོ་བསྐོར་སའི་བཤས་ར་ཞིག་ཏུ་བསྒྱུར་ཅིང་། དེ་ཡང་ཕ་རོལ་བོ་ལ་གྲ་སྒྲིག་གི་གོ་སྐབས་ཙམ་ཡང་མི་སྤྲོད་པའི་ལྐོག་འཛིང་འཇབ་རྒོལ་བྱས། འདི་ལྟར་ཁོས་ཚེ་གང་བོར་རང་ཉིད་ཆེས་ཡིད་ཆེས་བརྟན་སའི་དཔལ་ཡོན་དེ། རང་གིས་བརླང་སྤྱོད་བརྩམས་ནས་དངོས་སུ་ཤུལ་མེད་དུ་བཏང་ཞིང་། རང་ལས་རང་བསྣོག་བྱས།
སེམས་ཁམས་རིག་པའི་ནང་‘‘སྣོག་ལས་རྨ་ཤུལ་’’ཞེས་པའི་འབྲུ་དོན་གཏིང་ཟབ་ཀྱི་མིང་ཚིག་ཅིག་ཡོད། རང་གི་སྲོག་ལྟར་སྲུང་བརྩི་བྱ་སའི་ལས་འབྲས་རྣམ་བཞག་གང་རུང་དང་རྒྱབ་འགལ་གྱི་ལས་དོན་བསྒྲུབས་རྗེས། འགྱོད་གདུང་གིས་དམ་དུ་བཅིངས་ནས། རང་གིས་རང་ཉིད་ལ་གུ་ཡངས་གཏོང་ཐབས་མེད་པ་དེ་ཡིན། སྣོག་ལས་རྨ་ཤུལ་ནི་འགྱོད་གདུང་གིས་བསྐྱེད་པའི་ཡ་ངའི་སེམས་བྱུང་ཞིག་ཡིན། སེམས་བྱུང་དེས་རྟག་ཏུ་ཆེས་བདེ་འཇགས་མེད་པ་རང་ཉིད་དང་། ཆེས་གུ་ཡངས་སུ་གཏོང་མི་འོས་ཤིང་། བདེ་སྐྱིད་ཀྱི་དཔལ་ལ་རོལ་བར་འོས་ཐོབ་མེད་མཁན་ཡང་རང་ཉིད་ཡིན་པའི་སེམས་ཀྱི་མནར་གཅོད་གཏོང་བ་ཡིན། གློག་བརྙན་ནང་གི་གྱད་མི་མིག་གཅིག་དང་། འབྱུང་བོ་མགོ་དགུ མཚོ་འདྲེ་སེ་རིན། གཏུམ་མོ་སོགས་ཀྱིས་བརྩམས་པའི་རང་བྱུང་འབྱུང་ཁམསས་ལས་བརྒལ་བའི་སྒྱུ་མའི་འཇིགས་སྣང་དག ནཱོ་ལན་གྱིས་ཧོ་མར་གྱི་སྙན་ངག་ལྟར་བཞེངས་བསྐྲུན་བྱས་ཡོད་ནའང་། དེ་དག་དངོས་ཡོད་ཀྱི་འཇིག་རྟེན་ཞིག་མིན་པར་ལྟོས་ཚོད་ཀྱི་སྣང་འཁྲུལ་ཞིག་སྟེ། ཨོ་ཊི་སེའུ་སིས་ཐྲི་རོ་ཡའི་དམག་འཁྲུག་ཁྲོད་བསགས་པའི་སྡིག་ཉེས་ཁག་ལ་གནོང་འགྱོད་དང་། སེམས་ལ་རྒྱུ་འབྲས་སྣོག་ལས་ཀྱི་རྨ་ཁ་བཟོས་རྗེས། གདུང་ཚོར་གྱིས་བསྐྱེད་པའི་འཁྲུལ་རྟོག་ཡིད་བརྙན་ཁག་ཅིག་གི་ངོ་བོར་བསྒྱུར་ཡོད། དེར་བརྟེན། ང་ཚོས་ནཱོ་ལན་གློག་བརྙན་ལ་གོ་བ་ལེན་སྐབས། སྐྱེས་པ་‘‘རྙོག་འཛིང་ཅན་’’དང་། ནང་འཁོར་‘‘བྲན་མོ།’’ ལྟོས་ཚོད་ལ་‘‘སྒྱུ་འཕྲུལ་གྱི་ཁེངས་པའི་དུས་རབས་’’སོགས་ནི། ཤུགས་བསྟན་སྦས་དོན་ལ་ངེས་པ་གཏིང་ཟབ་འདྲེན་བྱེད་ཀྱི་རིག་པའི་གསང་ཚིག་ཏུ་གྲུབ་ཡོད།
Xenia : ཛེའུ་སིའི་འདུལ་ཁྲིམས།
ཧོ་མར་བྱོན་པའི་དུས་རབས་ནི་གནའ་བོའི་གྷི་རིག་གི་དཔལ་ཡོན་འཕེལ་རྒྱས་ཀྱི་རྫོགས་ལྡན་གྱི་དུས་སྐབས་ཤིག་ཡིན། དེང་གི་དམངས་གཙོའི་ས་བོན་འབུས་སའི་ཡུལ་དེའི་ཆབ་སྲིད་དང་། དཔལ་འབྱོར། བསམ་བློ། ཤེར་རྟོག སྒྱུ་རྩལ། ཟློས་གར། ལྷག་པར་དུ་མཚོ་ཁུལ་བདག་དབང་དང་། རྫོང་མཁར་འདབ་བསྐྱེད་ཀྱི་དམག་དོན་སྟོབས་འབྱོར་ཡར་འཕེལ་གྱི་དུས་སྐབས་ཤིག་ཡིན། འདི་ལྟའི་རྫོགས་ལྡན་གྱི་བསྐལ་བཟང་དེ་མུ་མཐུད་ཕྱི་ལོ་སྔོན་གྱི་དུས་རབས་ལྔ་བའི་བར་དུ་རྒྱུན་བསྲིངས་ཐུབ་ཡོད་ཅིང་། གྷི་རིག་པ་ཚོས་དུས་རབས་འབྱེད་མཚམས་ཀྱི་ཆ་ནས་དེ་ལ‘‘དཔའ་བོའི་དུས་རབས་’’སུ་འབོད། དེར་བརྟེན། ཧོ་མར་གྱི་སྒྲུང་རབས་སྙན་ངག་ནི་དཔའ་བོའི་མཛད་རྗེས་དང་དམག་འཁྲུག་གི་རྒྱལ་ཁ་ལ་བསྔགས་པ་བརྗོད་པའི་བསྟོད་གླུ་ཞིག་ཡིན། འོན་ཀྱང་། ནཱོ་ལན་གློག་བརྙན་ནི་དེའི་ལྡོག་ཕྱོགས་ཡིན་པར་འདོད།
གློག་བརྙན་གསར་སྟོན་གྱི་དབུ་འབྱེད་མཛད་སྒོའི་སྐབས། ཧོ་མར་ནི་རང་གི་དུས་རབས་ལ་བསྟོད་གླུ་ལེན་མཁན་དང་། ནཱོ་ལན་རང་ཉིད་དེང་གི་དུས་རབས་འདིར་སྡུག་གླུ་ལེན་མཁན་ཡིན་མིན་འདྲི་སྐབ‘‘ངས་ཧ་ཅང་ཁ་གསལ་གྱི་ལས་སྟངས་ཤིག་ནི། དོ་སྣང་དང་བློ་རྩེ་གཏོད་ས་དེ་གྷི་རིག་པ་ཚོའི་མགྲོན་བསུའི་རྣམ་བཞག་ཟེར་བ་དེ་ཡིན། མཚོན་སྟངས་དང་འགྲེལ་བཤད་བདེ་བོ་ཡོང་ཆེད། ང་ཚོས་གློག་བརྙན་ནང་དེ་ལ་[Xenia] ཞེས་འབོད་ཀྱིན་ཡིན། ཕྱོགས་ངོས་འདི་གཏིང་ཇེ་ཟབ་ཏུ་བཏང་ནས་བསྔོག་འདོན་བྱེད་སྐབས། རིམ་གྱིས་ངེས་ཤེས་གསར་པ་ཞིག་ཡོང་བ་ནི། ལོ་རྒྱུས་ཀྱི་དངོས་དོན་དང་ལྷ་སྒྲུང་གི་རྟོག་བཟོ་བར་གྱི་མགོ་འཁོར་ས་ནི། གཙོ་བོ་‘‘མཚོ་ཐོག་མི་རིགས་’’ཞེས་པ་འདི་དང་འབྲེལ་བ་གཏིང་ཟབ་ཡོད་ཅིང་། མཚོ་ཐོག་ནས་ཡོང་བའི་མི་འདི་དག་ང་ཚོས་ཡོངས་ཁྱབ་ཀྱི་ཆ་ནས། ཟངས་ཆས་དུས་རབས་ཀྱི་ཤེས་རིག་མཇུག་སྒྲིལ་མཁན་དུ་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་དོན་དངོས་སུ་ཁོ་ཚོ་སུ་ཡིན་ནམ། འདི་ད་བར་དུ་ལོ་རྒྱུས་དང་འབྲེལ་བའི་ཆེས་མགོ་འཁོར་སའི་དྲི་བ་ཞིག་ཡིན། འདི་ལྟར་ང་ཚོས་ཤེར་རྟོག་རིག་འདེད་རེ་རེ་བྱེད་སྐབས། རང་བཞིན་གྱིས་དེའི་གྲུབ་དོན་བརྙེད་ཡོང་བའམ། ཡང་ན་རང་འགུལ་གྱིས་དྲི་བའི་མཇུག་འབྲས་ཐོན་ཡོང་བ་ནི། གལ་སྲིད་མི་ཞིག་གིས་[Xenia] ལ་གཏོར་བརླག་གཏོང་སྐབས། དེ་ལ་མཇུག་འབྲས་ཅི་ཞིག་འབྱུང་བ་དེ་ཡིན།’’ནཱོ་ལན་གྱིས་འདི་ལྟར་དྲི་ལན་བྱིན།
གློག་བརྙན་ནང་གི་[Xenia] ལ་ཡོངས་གྲགས་སུ་‘‘ཛེའུ་སིའི་འདུལ་ཁྲིམས་’’(Seus’s Low) ཞེས་འབོད། སྟབས་བདེའི་འགྲེལ་བརྗོད་བྱས་ན། གནའ་བོའི་གྷི་རིག་གི་ཤེས་རིག་ཁྲོད་ཕན་ཚུན་མགྲོན་བསུ་བྱེད་སྟངས་ཀྱི་ལུགས་ཀྱི་བསྟན་བཅོས་ལྟ་བུ་ཞིག་ཡིན་ཞིང་། གྷི་རིག་གི་ལྷ་རབས་གསུམ་པའི་གཙོ་འཁོར་བཅུ་གཉིས་ཀྱི་གཙོ་བདག་ཛེའུ་སི་ཡིས་བཅོས་བ་མཛད་པའི་ཁྲིམས་ཡིག་སྟེ། ལྷས་ལྷ་དང་། ལྷས་འཇིག་རྟེན། ལྷས་མི་ལ་བཅོས་པའི་‘ཁྲིམས་མདོ་’གསུམ་ཡོད་པ་ལས། ལྷ་ཡིས་མི་ལ་བཅོས་པའི་འདུལ་ཁྲིམས་ཞེས་པ་དེ་ཡིན། གོ་དོན་ནི། སུ་ཞིག་ཕ་ཡུལ་དང་བྲལ་ནས་རྒྱལ་ཁམས་འགྲིམ་སྐབས། འགྲུལ་བཞུད་ཁྲོད་ཀྱི་རང་གི་ཚེ་སྲོག་དང་ལོངས་སྤྱོད་སོགས་རྒྱུས་མངའ་མེད་པའི་ཕྱི་ཡུལ་གྱི་བརྩེ་སེམས་ལ་བཅོལ་དགོས། གནས་བདག་གིས་འགྲུལ་བར་བཟའ་ཆས་སྤྲོད་ཅིང་གནས་ཚང་གཡོར་བ་མ་ཟད། བདེ་སྲུང་ལའང་འགན་འཁུར་ལེན། འགྲུལ་བས་ཀྱང་གནས་བདག་ལ་དྲིན་གཟོའི་བརྩི་བཀུར་བྱེད་ཅིང་། དེའི་ནང་མི་ལ་གནོད་འཚེ་དང་རྒྱུ་ནོར་འཕྲོག་བཅོམ་རྐུ་འཁྱེར་མི་བྱེད་པ་མ་ཟད། མགྲོན་བསུ་བཀུར་བསྟིའི་རིགས་ལ་ངན་གཡོའི་ལོག་སྤྱོད་མི་བྱེད་ཅིང་། ལྷག་པར་དུ་གནའ་བོའི་གྷི་རིག་པ་ཚོའི་ལྷ་ཆོས་འདུ་ཤེས་ཁྲོད། དེ་རིང་གི་ཕྱོགས་ཡོང་སྦྲང་བོ་ཞིག་ཡིན་ཡང་ལྷའི་རྣམ་སྤྲུལ་ཡིན་སྲིད་པས། དེ་ལ་ཅི་ཙམ་གྱིས་སྣེ་ལེན་བཀུར་བསྟི་བྱས་ན། སང་ཉིན་དེ་མཚུངས་ཀྱི་དགེ་ལེགས་སྨིན་པའི་ལས་འབྲས་ལ་ཡིད་ཆེས་བྱེད་པ་ཡིན། འདུལ་ཁྲིམས་འདི་ལྟོས་ཚོད་ལ་ཧ་ཅང་གི་སྟབས་བདེ་ཡིན་ནའང་། རྒྱལ་སྤྱིའི་སྲོལ་ཡིག་མེད་པའི་གནའ་བོའི་དུས་སྐབས་དེར། མཚོ་འབྲེལ་མངལ་ཁུལ་གྱི་མཁར་རྫོང་རྒྱལ་ཕྲན་དབར་གྱི་ཞི་བདེ་མཉམ་གནས་དང་ཚོང་ལས་ཕྱི་འབྲེལ་སོགས། གནའ་བོའི་ཤེས་རིག་དཔལ་ཡོན་འཁོར་སྐྱོད་ཀྱི་རྨང་རྡོ་ལྟ་བུར་གྱུར་ཡོད། ཚོང་ཟོག་གྲི་གཟིངས་ཞི་འཇམ་བདེ་འཇགས་ངང་མཚོ་ངོགས་སུ་འབབ་ཐུང་ཅིང་། ཚོང་འདྲེན་གྲུ་བས་བློ་བདེ་བག་ཕེབས་ངང་འཕྲལ་སེལ་གནས་ཚང་འཆའ་ཐུབ་པ། མཚོ་ངོགས་རྒྱལ་ཕྲན་དབར་རྒྱུན་གནས་བརྟན་འཇགས་ཀྱི་ཚོང་ལམ་ཕྱེས་ཐུབ་པ་སོགས། ཡོད་ཚད་ཕན་ཚུན་ཡིད་ཆེས་ཐུབ་པའི་སྔོན་དཔག་རྨང་གཞི་ལྟ་བུ་སྟེ། ཛེའུ་སིའི་འདུལ་ཁྲིམས་ལ་གཞི་བཅོལ་ཡོད།
གློག་བརྙན་ནང་ནཱོ་ལན་གྱིས་བཤད་པའི་[Xenia] ཐེངས་བཅུ་གསུམ་ལ་བྱུང་ཞིང་། དེ་འབྲེལ་གྱི་བརྙན་ཚན་ཡང་ཉི་ཤུ་ལྷག་བརྒལ་ཡོད། ཧོ་མར་སྙན་ངག་ནང་ང་ཚོར་རྟོགས་པར་དཀའ་བའི་གནས་ཤིག་ཡོད་པ་ནི། ཐྲི་རོ་བ་ཚོས་ཅིའི་ཕྱིར་ཤིང་བཟོའི་རྟ་ཕོ་ཞིག་གི་ཆེད་དུ་མཁར་སྒོ་ཕྱེས་པའམ། ཡང་ན། གྷི་རིག་པ་ཚོས་བཞག་པའི་ཤུལ་ལྷག་དངོས་པོ་ཞིག་རྩ་མེད་དུ་མ་བཏང་བར། ནུས་ཤུགས་ཡོད་རྒུ་བཏོན་ནས་རྫོང་མཁར་ནང་གདན་འདྲེན་ཞུ་དོན་དེ་ཡིན། གནའ་བོའི་གྷི་རིག་ལྷ་སྒྲུང་གི་ངག་རྒྱུན་ནང་འདི་འདྲའི་གཏམ་རྒྱུད་ཅིག་ཡོད། ཐྲི་རོ་ཡའི་མཁར་རྫོང་གི་བསྟན་སྲུང་ནི་ལྷ་མོ་ཨ་ཐྲི་ནཱིའི་སྐུ་བརྙན་ཞིག་ཡིན་ཞིང་། ཐྲི་རོ་བ་ཚོས་སྐུ་བརྙན་དེས་མཁར་རྫོང་ལ་མགོན་སྐྱབས་དཔུང་གཉེན་ཡོད་སྟབས། དུས་ནམ་ཡང་དམག་འཁྲུག་གི་འཇིགས་པས་གཏོར་མི་ཐུབ་པའི་ཡིད་ཆེས་བྱེད། ཨོ་ཊི་སེའུ་སིས་གནས་ཚུལ་དེ་ཤེས་རྗེས། མཁར་རྫོང་ནང་གསང་འཛུལ་གྱིས་སྐུ་བརྙན་དེ་བརྐུ་འཁྱེར་བྱས། ཐྲི་རོ་བ་ཚོ་ཡིད་སེམས་གདུང་བས་མནར་ཞིང་ད་ནས་ལྷའི་མགོན་སྐྱབས་མེད་པའི་སེམས་སྡུག་ནང་ལྷུང་། ཐྲི་རོ་བ་ཚོའི་སེམས་ཁམས་དེར་གནས་དུས་ཚོད་རྩིས་ཀྱིས་ཨོ་ཊི་སེའུ་སིས་ཤིང་རྟའི་ངན་ཇུས་བཤམས་ཤིང་། ཁོ་ཚོས་ཤིང་རྟ་དེ་ལྷ་མོ་ཨ་ཐྲི་ནཱར་ཕུལ་བའི་དད་རྟེན་ལེགས་སྐྱེས་དང་། ལྷ་མོའི་མགོན་སྐྱབས་དཔུང་གཉེན་ཕྱིར་སླེབས་པའི་ཡིད་ཆེས་ཀྱིས་མཁར་རྫོང་དུ་གདན་འདྲེན་ཞུས། འདི་ཧོ་མར་སྙན་ངག་ནང་གསལ་ཁ་མེད་པའི་ཁ་ཐོར་སྒྲུང་ཚན་ཞིག ནཱོ་ལན་གློག་བརྙན་གྱིས་ཆེད་དུ་མངོན་གསལ་དོད་པོར་བཟོས་པའི་སྦས་དོན་བརྙན་ཚན་ཞིག་ཡིན། གློག་བརྙན་ནང་། ཤིང་རྟ་ཐོག་མར་མཚོ་ངོགས་ནས་མངོན་སྐབས། དཔང་མཐོ་ཞིང་གྱད་ཆེ་ལ་ཧ་ཅང་ལྐོག་གྱུར་གྱི་ཚོར་ཤུགས་འདྲེན་པ་ནི་དམག་འཁྲུག་དང་མུན་ནག་གི་བསྡུས་གཟུགས་སྟེ། ཆག་འཇིག་དང་འཇིགས་སྐྲག་གི་མཚོན་དོན་ཡིན་ཞིང་། ཐྲི་རོ་བ་ཚོས་ཤིང་རྟ་དད་རྟེན་ལེགས་སྐྱེས་ཞིག་ཏུ་འཁྲུལ་ནས་མཁར་རྫོང་དུ་གདན་དྲངས་པ་དེས། ཕ་རོལ་བོས་ལྷ་སྐུ་རྟེན་གསུམ་རྩེད་ཆས་མི་བྱེད་པའི་དད་དམ་ཡིད་ཆེས་ཀྱི་མཚོན་རྟགས་དང་། ཨོ་ཊི་སེའུ་སིས་ཤིང་རྟའི་ངན་བྱུས་བཤམས་པ་དེས། ཕ་རོལ་བའི་སེམས་ཀྱི་གཉོམ་ས་ནས་འཇུ་སྟེ་ཡིད་ཆེས་དམག་འཁྲུག་གི་མཚོན་ཆར་བསྒྱུར་ཅིང་། མི་སེམས་ལ་རྩེད་མོ་རྩེས་ནས་ཕན་ཚུན་བར་གྱི་ཡིད་ཆེས་དངོས་སུ་གཏོར་བརླག་བཏང་བ་མཚོན་པར་བྱས་ཡོད། དེར་བརྟན། ནཱོ་ལན་ལ་མཚོན་ན། ཐྲི་རོ་ཡའི་དམག་འཁྲུག་གི་གཏོར་བརླག་ནི། གནའ་མཁར་བཙན་རྫོང་ཞིག་གི་གྱད་ཆེའི་རྡོ་རྩིག་ཙམ་ཞིག་མིན་པར་། མི་དང་མི་བར་གྱི་རྩ་ཆེའི་ཡིད་ཆེས་དང་། སྤྱི་ཚོགས་དང་སྤྱི་ཚོགས་བར་གྱི་དཔལ་ཡོན་འཁོར་སྐྱོད་ཀྱི་རྨང་གཞི་སྟེ། གནའ་བོའི་གྷི་རིག་གི་རླབས་ཆེའི་ཤེས་རིག་དེ་ཡིན།
དེར་བརྟེན། ང་ཚོས་ལས་སླ་བོའི་ངང་ནས་ངོས་འཛིན་ཐུབ་པ་ནི། ནཱོ་ལན་ནི་ཧོ་མར་ལྟར། སྙན་ངག་གི་ལམ་ནས་ཨོ་ཊི་སེའུ་སི་ལ་ཅི་འདྲའི་དཔའ་མཛངས་ལྡན་ཞིང་། ཅི་འདྲའི་སྤྱང་གྲུང་འཛོམས་པ། ཅི་འདྲའི་གཡུལ་འགྱེད་ལ་མཁས་པ་སོགས་ཀྱི་བསྟོད་གླུ་ལེན་མཁན་མིན་པར། ཁོའི་གློག་བརྙན་འདིའི་ཚད་མཐོའི་རྟོགས་སད་རིག་ཤེས་ནི། དམག་འཁྲུག་ཁྲོད་ཀྱི་ཤིང་རྟའི་ལེགས་སྐྱེས་དམག་བྱུས་དེ། ཤེས་རིག་དཔལ་ཡོན་བཅོམ་བྱེད་ཀྱི་མི་བསྲུན་བརླང་སྤྱོད་ཅིག་ལ་ཡོངས་ཁྱབ་ངོས་འཛིན་བྱས་པ་དེ་ཡིན། བརླང་སྤྱོད་འདིས། མཚར་སྡུག་ལྡན་པའི་ཟངས་ཆས་དུས་རབས་ཀྱི་ཤེས་རིག་ཉམ་རྒུད་དང་ཆག་འཇིག་ནང་ཐད་ཀར་སྐྱེལ་ཡོད། ། གློག་བརྙན་གྱི་མཇུག་ཏུ། ཨོ་ཊི་སེའུ་སིས་ལོ་བཅུའི་དཀའ་སྡུག་གི་བཞུད་ལམ་བརྒྱུད་ནས་ཕྱིར་རང་ཡུལ་དུ་འབྱོར་སྐབས། གློ་བུར་བའི་སད་རྟོག་ཅིག་རྙེད་པ་ནི། ཨེ་ཇིན་མཚོ་ངོགས་(Aegean sea) ཀྱི་ཞི་བདེ་དཀྲོགས་ཤིང་ཤེས་རིག་གཏོར་མཁན་ནི། རྗེས་རབས་པ་ཚོས་ལོ་རྒྱུས་འཇིགས་སྣང་ཁྲོད་གླེང་བཞིན་པའི་ལྐོག་གྱུར་གྱི་‘‘མཚོ་ཐོག་མི་རིགས་’’སུ་འབོད་པའི་མཚོ་ཇག་ཚོ་མིན་པར། དམག་འཁྲུག་སྐབས་རང་ཉིད་ཀྱིས་སྣེ་ཁྲིད་པའི་རྒྱང་སྐྱོད་དཔུང་སྡེ་དེ་ཡིན་པ་ཤེས་ཤིང་། མི་གཞི་ཡ་བྲལ་དུ་སོང་བའི་‘‘རྙོག་འཛིང་ཅན་’’གྱི་རང་གཤིས་དེས། མཐར་གཏུགས་རང་ཉིད་ཤེས་རིག་བཅོམ་གཏོར་བྱེད་མཁན་གྱི་‘‘མཚོ་ཐོག་མི་རིགས་’’ཤིག་ཏུ་བསྒྱུར་བ་དེ་ཡིན།
‘‘ཧེ་ལིན་དཀར་ནག་’’བར་གྱི་ཤེར་རྟོག་རིག་འདེད།
ཧོ་མར་གྱི་སྒྲུང་རབས་སྙན་ངག་བརྗོད་གཞིར་བཟུང་བའི་ནཱོ་ལན་གྱི་བརྩམས་ཆོས་གསར་པ་འདིར། ཕྱོགས་ཡོངས་ནས་སྐྱོན་བརྗོད་གང་མང་ཕོག་པའི་ཁྲོད་ཀྱི་གཙོ་བོ་ཞིག་ནི། གློག་བརྙན་ནང་གི་འཁྲབ་སྟོན་མི་སྣ་འདེམ་སྒྲིག་གི་ཐད་ནས་བྱུང་ཡོད། ཁོས་‘‘སེང་ལྕམ་འབྲུག་མོས་ཧོར་གླིང་གཡུལ་འགྱེད་བསླངས་’’ (The most beautiful woman started the Trojan War) བ་ལྟ་བུའི་བཤད་སྲོལ་སྟེ། ཐྲི་རོ་ཡའི་དམག་འཁྲུག་གི་འབྱུང་རྐྱེན་གཙོ་བོ་‘‘སྲིད་པའི་མཛེས་མ་’’ཧེ་ལིན་འདེམས་སྐབས། འཁྲབ་འཁྲིད་པ་ཕེ་ཊིར་སཱོན་གྱིས་ཧོ་མར་སྙན་ངག་གི་མཛེས་དཔྱོད་ལ་ཤེར་རྟོག་རིག་འདེད་གྱིས། དེང་འཛམ་གླིང་མཛེས་མའི་གཙོ་གྲས་ཌི་ཡ་ནཱ་ཁོའུ་གྷར་(Diane Kruger) ལྟ་བུའི་‘‘ཧེ་ལིན་དཀར་མོ་’’ཞིག་མ་བདམ་པར། མཚོན་ཐབས་ཤེར་རྟོག་རིག་འདེད་གཙོ་བོར་བཟུང་ནས། མེར་སེ་ཁོ་དང་ཨ་ཧྥུ་རི་ཁའི་རིག་རྒྱུད་འདྲེས་མའི་ལཱོ་ཕེ་དྷ་ཉུང་གྷོ་(Lupita Nyong’O) ལྟ་བུའི་‘‘ཧེ་ལིན་ནག་རིལ་’’ཞིག་བདམ་པ་དེ་ཡིན། ཕེ་ཊིར་སཱོན་གྱི་གློག་བརྙན་ལྟར་མིན་པར་སྐྱོན་བརྗོད་བྱེད་མཁན་གཙོ་བོ་ཡང་། ཨེ་ལོན་མཱ་སི་ཁིག་(Elon Musk) ལྟ་བུའི་འཛམ་གླིང་གི་མི་དཀར་ཕྱུག་བདག་ཚོ་དང་། གནའ་རབས་རིག་པ་བ། རིག་གཞུང་སྲོལ་རྒྱུན་པ། དེ་བཞིན་ཧོ་མར་སྙན་ངག་ལ་ཞེན་པ་དཀར་པའི་གློག་བརྙན་འཛད་སྤྱོད་པ་དག་ཆགས་ཡོད།
ཁོ་ཚོས་ནཱོ་ལན་གྱིས་སྣ་མང་ཅན་(Diversity) དང་། འདྲ་མཉམ་ཅན། (Equality) བསམ་ཤེས་ཅན་(Inclusion) ཀྱི་ལྟ་གྲུབ་གཞིར་བཟུང་བའི་དེང་གི་ཁེ་ལས་བདག་གཉེར་དང་། སློབ་གསོའི་མ་ལག གཞུང་སྲིད་འཛིན་སྐྱོང་གི་འཁོར་རྒྱུག་ཁྲོད། གསར་གཏོད་ལ་གསོན་ཤུགས་འཕར་མ་སྟེར་བའི་ཀུན་ཁྱབ་འདུ་ཤེས་སྟེ། ཕོ་མོ་དང་། རིགས་རུས། ཤ་མདོག ལོ་ཚོད། རྒྱལ་ཁོངས། ཆོས་ལུགས་དད་མོས། དབང་ལུས་སྐྱོན་ཅན། དབང་མཚན་མོས་ཕྱོགས། རིག་གནས་རྒྱབ་ལྗོངས། ལས་ཞུགས་ཉམས་མྱོང་སོགས་མི་འདྲ་བ་སུ་ཡིན་རུང་། བསམ་ཤེས་དང་འདྲ་མཉམ་གྱི་གོ་སྐབས་ཡོངས་ཁྱབ་ཏུ་ཡོད་པའི་ « སད་རྟོགས་རིག་གནས་ » (Woke Culture) ཀྱི་དོན་ཉིང་གཙོར་འཛིན་བྱས་ཤིང་། ཧོ་ལི་ཝོར་ཊིའི་(Hollywood) གློག་བརྙན་གཟེངས་རྟགས་ཐོབ་ཐབས་ཀྱི་ཚད་གཞི་བཅད་ཐིག་ལ་སྒོ་བསྟུན་ཚོད་རྩིས་ཀྱི་སྒེར་སེམས་བཅིངས་ནས། གནའ་བོའི་ཡུ་རོབ་གླིང་གི་མཚར་སྡུག་འོད་སྟོང་འབར་བའི་སྒྲུང་རབས་སྙན་ངག་ཅིག་གི་རིག་གནས་མཛེས་དཔྱོད་དང་རིན་ཐབ་ལྟ་ཚུལ་ལ། དེང་རབས་བསམ་བློའི་‘‘མདོག་བསྒྱུར་’’བྱས་པ་ནི། གནའ་བོའི་སྒྱུ་རྩལ་བརྩམས་ཆོས་ལ་ལྷག་བསམ་དམ་ཚིག་མི་གཙང་བའི་‘‘སེམས་ཀྱི་ངོ་ལོག་’’ཐེངས་ཤིག་ཡིན་ཚུལ་གྱི་སྐྱོན་བརྗོད་བྱེད། ང་ཚོས་ཨེ་ལོན་མཱ་སི་ཁིག་དང་ནཱོ་ལན་བར་མི་རིགས་དཀར་ནག་གི་གནད་དོན་དང་། ལྷག་པར་དུ་དབང་མཚན་མོས་ཕྱོགས་(LGBTQ+) ཀྱི་གནད་དོན་ཐད་ནས། ལྟ་ཚུལ་ལ་འགལ་ཟླའི་མདུང་རྩེ་ཁ་སྤྲོད་དུ་ཡོད་ཅིང་། དེ་བཞིན་འཁྲབ་འཁྲིད་པ་ཞིག་གི་ངོས་ནས། ལས་རིགས་དེའི་ཚད་མཐོའི་ཆེ་མཐོང་གཟེངས་རྟགས་ལ་དམིགས་པའི་སྒེར་སེམས་ཆུང་ཆུང་ཞིག་འཆང་ཡོད་པའང་ཆོས་ཉིད་ཡིན་སྟབས། འདི་དཀར་གན་ནག་གི་ཁ་ཚོད་གཅོད་དཀའ་། འོན་ཀྱང་། ནཱོ་ལན་གྱི་‘‘ཧེ་ལིན་དཀར་ནག་’’བར་གྱི་ཤེར་རྟོག་རིག་འདེད་ནི་བསམ་བློའི་རིགས་ལམ་གཞན་ཞིག་རེད་སྙམ།
ནཱོ་ལན་གྱི་རིགས་ལམ་ལྟར་ན། སྐྱོན་བརྗོད་བྱེད་ཡུལ་དུ་གྱུར་བའི་ཧེ་ལིན་ནག་རིལ་མའི་གནད་དོན་དེ། ང་ཚོས་ཟངས་ཆས་དུས་རབས་ཀྱི་དཔལ་འབྱོར་རིག་པ་ནས་ཤེར་རྟོག་རིག་འདེད་བྱེད་དགོས་པར་འདོད། གནའ་བོའི་གྷི་རིག་གི་མུ་སེན་ནིའུ་སི་རྒྱལ་རབས་(Mycenaena Greece) སྐབས། བུད་མེད་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐོན་སྐྱེད་ཀྱི་ནུས་ཤུགས་གཙོ་བོའི་གྲས་ཡིན། སྐབས་ཐོག་དེའི་མཚོ་རྩིད་སྣམ་བུ་དང་རས་ཡུག་ཐོན་རྫས་ཀྱིས། གྷི་རིག་གི་གྲུ་གཟིངས་དཔུང་སྡེ་ཁག་གི་སྡོམ་ཐག་དང་གྲུ་གཡོར་བཟོ་སྐྲུན་གྱི་གལ་ཆེའི་ཚོང་ལམ་དེ་བཟུང་ཡོད། ཐོན་རྫས་དེ་རིགས་ནི་‘‘མཚོ་ཐོག་མི་རིགས་’’ཀྱི་དུས་སྐབས་དེར་མཚོན་ན། དེང་གི་བརྡ་འཕྲིན་མ་ལག་གི་འཕྲུལ་རིག་ཐོན་དངོས་ལྟ་བུ་ཡིན། དམག་འཁྲུག་བྱུང་ཡུལ་མཁར་རྫོང་ཁག་གི་ཆགས་ཡུལ། གླིང་ཆུང་ཡཱ་མེ་ནི་ཡ་མཚོ་ཁུལ་(Coast of Asia Minor) གྱི་བུད་མེད་རྣམས་ནི། ཚང་མས་རྣོ་ངར་ལྡན་པའི་འཕྲོག་རྩོད་བྱེད་ཡུལ་གྱི་ཐོན་ཁུངས་ཤིག་ཆགས་ཡོད། གནའ་བོའི་གྷི་རིག་གི་རོ་མན་དུས་སྐབས་སུ། ཤ་མདོག་འདྲ་མིན་གྱི་མི་རིགས་གང་ཞིག་ཡིན་རུང་། ཆབ་སྲིད་ཀྱི་འགྱུར་འགྲོས་དང་དམག་འཁྲུག་གི་གནོད་འཚེ་ཁྲོད། ཚང་མ་བྲན་གཡོག་ཏུ་འགྱུར་སྲིད་ཅིང་། དེ་ནང་དུ་ནུབ་ཡུ་རོབ་གླིང་གི་མི་དཀར་ཚོ་ཡང་ཚུད་ཡོད། འོན་ཀྱང་། ཉེ་རབས་ནུབ་ཕྱོགས་དབང་བསྒྱུར་རིང་ལུགས་རྒྱ་སྐྱེད་ཀྱི་བྱུང་རབས་ནང་། མི་རིགས་ནག་པོ་ཚོས་རང་བཞིན་གྱིས་བྲག་གཡོག་གི་སྣང་བརྙན་མངོན་ཚུལ་དེ་འཁུར་དགོས་བྱུང་ཡོད། གློག་བརྙན་ནང་གི་ཧེ་ལིན་ནི་ནག་རིལ་ཙམ་དུ་མ་ཟད། གདོང་ལ་གྲི་བཟོས་རྨ་ཤུལ་མངོན་པར་གསལ་ཞིང་། ཁོ་མོའི་མིང་ཐོག་ནས་བྱུང་བའི་ཆག་སྒོ་མཐའ་དག་ལ་དགོངས་སེལ་ཞུ་མཁན་ཞིག་ཡིན་སྟབས། ང་ཚོས་མི་ནག་ + བྲན་གཡོག་ + རྨ་ཤུལ་ = གསུམ་གཞི་གཅིག་ཏུ་བསྡོམས་སྐབས། དེའི་ཕུགས་ནས་ཤེར་རྟོག་རིག་འདེད་གང་ཞིག་གི་བློ་རྩེ་བསྒྲིམས་ཡོད་པ་ཤེས་ཐུབ།
ཧེ་ལིན་ནག་རིལ་མ་གཅིག་བུ་མིན་པར། ནཱོ་ལན་གྱི་གློག་བརྙན་ནང་། སྒྲུང་རབས་སྙན་ངག་གི་བུད་མེད་གཞན་པ་ཚོའི་ལྷ་སྒྲུང་གི་རྣམ་པ་དང་། སྒྱུ་འཕུལ། མཐུ་སྟོབས། ཆོ་འཕྲུལ། ནུས་སྟོབས་དག་ལའང་། དེ་མཚུངས་ཀྱིས་གཉོམ་གཟུགས་སུ་ཉུང་འཕྲི་བྱས་ཡོད། ཧོ་མར་གྱི་སྨྱུག་རྩེ་ནས་བཞུར་བའི་« ཨོ་ཊི་སེའི་ »ནང་གི་ཨ་ཐྲི་ནཱ་ནི། འགྲུལ་བཞུད་ཧྲིལ་བོའི་ནང་ཨོ་ཊི་སེའུ་སི་ལ་གནོད་འཚེ་དང་། དཀའ་ཚགས། འཇིགས་ཉེན་ཡོང་སྐབས། མགོན་སྐྱབས་དང་དཔུང་གཉེན་བྱེད་མཁན་གྱི་གྷི་རིག་ལྷ་སྒྲུང་ནང་གི་ལྷ་མོ་དེ་ཡིན་ནའང་། ནོ་ལན་གྱི་བརྙན་ངོས་ནས་མངོན་པའི་ཨ་ཐྲི་ནཱ་ནི། ཐྲི་རོ་ཡར་ཆག་འཇིག་བྱུང་བའི་མཚན་མོ་དེར། སྡེབ་གསོད་ཁྲག་སྦྱོར་ཁྲོད་མགོ་བོ་གཏུབ་པའི་ལྷ་མོ་ཨ་ཐྲི་ནཱའི་གཙང་ཁང་གི་མཆོད་གཡོག་བུ་མོ་ཞིག་གམ། འགྲུལ་ལམ་ཧྲིལ་བོར་མགོན་སྐྱབས་དཔུང་གཉེན་ལས་ལྡོག་སྟེ། གནོད་འཚེ་དང་དཀའ་ཚགས། འཇིགས་ཉེན་རེ་ཡོང་སྐབས། དུས་ནམ་ཡང་འདག་ཐབས་མེད་པའི་དམག་འཁྲུག་ཁྲོད་ཀྱི་ཨོ་ཊི་སེའུ་སིའི་ནག་ཉེས་དག་བགྲངས་ནས། ཁོའི་ཡིད་སེམསས་ལ་མནར་གཅོད་གཏོང་ཞིང་ལས་འབྲས་ལ་ཤན་ཁ་ཕྱེས་ནས། སྡུག་ཡུས་སྨྲེ་ངག་འདོན་མཁན་གྱི་བུ་མོ་ལས་ངན་མ་ཞིག་དང་། མི་ལུས་ཕག་གཟུགས་སུ་སྒྱུར་མཁན་གྱི་གདོན་མོ་སེར་སཱི་(Circe) ཡང་། ལྷ་སྒྲུང་ནང་གི་ཉེན་ཁའི་བསླུ་བྲིད་ལ་ལྷ་ཚོགས་ཀྱིས་བཅད་པའི་ཉེས་ཁྲིམས་ལ་འཁོན་སེམས་རྒོལ་ལན་སློག་ཕྱིར། མཐོང་ཚད་ཕག་ལུས་སུ་བསྒྱུར་མཁན་གྱི་གཏུམ་མོ་གཟུགས་བཟང་མ་དེ་མིན་པར། དམག་འཁྲུག་ལས་རྒྱལ་བའི་དཔའ་བོ་ཚོའི་མཛད་རྗེས་དང་གཟི་བརྗིད་ཀྱི་རྫུས་འཆོས་རྒྱབ་ཏུ་གབ་པའི་གཉུག་གཤིས་ངོ་མ་སྟེ། སྐྱེས་པའི་དབང་སྒྱུར་འཇིག་རྟེན་ནང་གི་གཏུམ་སྤྱོད་དང་འདོད་རྔམ་གྱིཕག་གཟུགས་དེ་ཕྱིར་སློག་ཁྲོམ་བསྒྲགས་བྱེད་མཁན་དང་། དམག་འཁྲུག་ཁྲོད་ཀྱི་སྐྱེས་དམན་ཚོའི་གནད་འཚེ་ལ་འོ་དོད་འབོད་མཁན་གྱི་བུད་མེད་ལོ་རྒས་ཤིག་ཡིན། དེ་བཞིན། མི་ལ་བརྗེད་ཟས་བརྗེད་ཆུ་བླུད་ནས་གཞན་གྱི་མི་ཚེ་སྒེར་བདག་དང་། འདོད་པའི་སྒྱུ་རྩལ་དང་འཆི་མེད་དངོས་གྲུབ་སྩོལ་བའི་བསླུ་བྲིད་དམ་བཅའ་ཕུལ་ནས། བརྩེ་བའི་འདུན་མ་དམ་ལ་འདོགས་མཁན་གྱི་འདོད་པའི་ལྷ་མོ་ཁཱ་ལི་ཕུ་སཱོ་(Calypso) ཡང་། རྣམ་ཤེས་ཕྱིར་འགུག་མེ་ཏོག་གི་ཟེའུ་འབྲུའི་འདབ་མ་བྱིན་ནས་དྲན་ཤེས་སླར་གསོ་བྱེད་མཁན་གྱི་ལྷ་རྗེ་བཟང་མོ་ཞིག་སྟེ། རང་གི་བརྩེ་འདུན་བློས་གཏོང་བྱེད་མཁན་གྱི་མཚོ་གླིང་བུད་མེད་ཁེར་རྐྱང་མ་ཞིག་དང་། ཨོ་ཊི་སེའི་སི་གཡུལ་ལ་ཞུགས་རྗེས་ཀྱི་ལོ་ངོ་ཉི་ཤུའི་རྒྱལ་ཁྲི་སྟོང་བ་དེ་བསྲུང་ཞིང་། ཉིན་མོ་གཉེན་སློང་བ་ཚོའི་གུས་མེད་ཀྱི་བརྙས་བཅོས་དང་ཚད་ལས་བརྒལ་བའི་འཇིགས་སྐུལ། མཚན་མོ་རས་ཡུག་འཐེག་ནས་ཁེར་རྐྱང་གི་སུན་སྣང་དང་མགོན་མེད་ཀྱི་རེ་ཆད་རྒུམ་པའི་ཆུང་མ་ཕེ་ནཱི་ལོ་ཕུ་(Penelope) ཡང་། ལོ་ངོ་ཉི་ཤུའི་བཟོད་སྒོམ་གྱི་ནང་དུ་གཟུགས་མེད་ཀྱི་ཤ་འཁོན་སྦས་ཤིང་། འབངས་མིའི་བདེ་སྡུག་དང་མཁར་རྫོང་གི་བདེ་འཇགས་ཆེད། རེ་སྒུག་དང་དབང་་ཤུགས་བརྗེ་མཁན་གྱི་རྒྱལ་མོ་ངོ་མ་ཞིག་ཏུ་བསྒྱུར་ཡོད། དེར་བརྟེན། ནཱོ་ལན་གྱིས་གློག་བརྙན་མགོ་འཛུགས་དུས་ནས་བཟུང་། གཏམ་རྒྱུད་ཀྱི་སྒྲོམ་གཞི་དང་འཕེལ་རིམ། དོན་ཉིང་དང་གྲུབ་དོན་སོགས་བརྗེས་ཚར་ཡོད་པ་ལྟར། ཧེ་ལིན་ཧ་ཅང་མཛེས་དྲགས་པའི་དབང་གིས། སྐྱེས་པ་ཚོས་དམག་འཁྲུག་བསླངས་བ་མིན་པར། སྐྱེས་པ་ཚོས་རང་གི་དབང་ཤུགས་དང་། ཆབ་སྲིད། དཔལ་འབྱོར་གྱི་འདོད་རྔམ་དམིགས་ཡུལ་དུ་བཟུང་ནས། ཧེ་ལིན་ལ་ཁ་གཡར་བའི་དམག་འཁྲུག་ཅིག་བསླངས་བ་དེ་ཡིན།
ནཱོ་ལན་གྱིས་« ཨོ་ཊི་སེའི་ » འཁྲབ་གཞུང་བཅོས་བསྒྱུར་ནི། ཧེ་ལིན་གྱི་ཤ་མདོག་དང་བུད་མེད་གཞན་པ་ཚོའི་ཁྱད་ནུས་གཅིག་བུའི་སྟེང་མིན་པར། དོན་དངོས་ཐོག ཧོ་མར་གྱི་སྒྲུང་རབས་སྙན་ངག་ནང་གི་ཨོ་ཊི་སེའུ་སི་དང་འབྲེལ་བའི་གཏམ་རྒྱུད་ཚང་མར་འགྲེལ་བཤད་གསར་པ་ཞིག་གམ། སྙན་ངག་གི་ཕུགས་དོན་ལ་གོ་བ་གསར་པ་ཞིག་བླངས་ཡོད། ཧོ་མར་སྒྲུང་རབས་སྙན་ངག་གི་བརྗོད་བྱ་ནི། བློ་རིག་སྤྱང་གྲུང་འཛོམས་པའི་ཨོ་ཊི་སེའུ་སིས་ཐྲི་རོ་ཡའི་དམག་འཁྲུག་ཁྲོད་རྒྱལ་ཁ་བླངས་རྗེས། ལོ་བཅུའི་གཉན་མྱུལ་གྱི་མཚོ་འཇིགས་གནོད་འཚེ་ལ་གདོང་ལེན་བྱས་ནས། ཇི་ལྟར་ཕྱིར་རང་གི་རྒྱལ་ཕྲན་ལ་ལོག་པའི་ལྷ་སྒྲུང་འདྲེས་མའི་དཔའ་བོའི་བྱུང་རབས་གཏམ་རྒྱུད་ཅིག་ཡིན། ནཱོ་ལན་གློག་བརྙན་གྱི་བརྗོད་བྱ་ནི། ཐྲི་རོ་ཡའི་དམག་འཁྲུག་མཇུག་བསྒྲིལ་རྗེས། སེམས་ལ་སྣོག་ལས་ཀྱི་རྨ་ཁ་བཟོས་ཤིང་ལུས་ལ་རྒྱུ་འབྲས་ཀྱི་མནར་གཅོད་འཁུར་བའི་ཨོ་ཊི་སེའུ་སི། ཕྱིར་རང་ཡུལ་དུ་ལོག་འདོད་མེད་པའམ། རང་གི་སེམས་གཏིང་གི་གནས་མལ་དེར་ལོག་ཐབས་མེད་པའི་སྐྱོ་གར་རང་བཞིན་གྱི་གཏམ་རྒྱུད་ཅིག་ཡིན། ཁོས་ལྷ་སྒྲུང་སྙན་ངག་གི་མཚར་སྡུག་དངོས་བྲིས་གློག་བརྙན་གྱི་ཉིང་དོན་དུ་ཕབ་ཅིང་། ‘‘སྐྱེས་པ་རྙོག་འཛིང་ཅན་’’དང་ནང་འཁོར་‘‘བྲན་མོ་’’ལྟ་བུའི་སྦས་དོན་གསང་ཚིག་དེད་ནས། ‘‘ཛེའུ་སིའི་འདུལ་ཁྲིམས་’’ཀྱི་བསམ་ཤེས་དང་ལེན་དང་‘‘མཚོ་ཐོག་མི་རིགས་’’ཀྱི་འདོད་རྔམ་བརླང་སྤྱོད་ལ་རིག་འདེད་དཔྱད་གླེང་དང་ཞིབ་བསྡུར་སོགས། ང་ཚོས་འདི་ལྟར་ཕྱོགས་ངོས་མང་བོ་ཞིག་ནས་བསམ་གཞིག་བྱེད་སྐབས། ནཱོ་ལན་གློག་བརྙན་ནི། གནའ་བོའི་གྷི་རིག་ཤེས་རིག་གི་མཛེས་དཔྱོད་རིན་ཐང་སོགས་ལ་དམའ་འབེབ་ལས། ཧོ་མར་སྙན་ངག་གི་སྒྲོམ་གཞིའི་ནང་། དེང་རབས་སྤྱི་ཚོགས་ཀྱི་དངོས་ཡོད་གླེང་བའི་རིག་འདེད་‘‘ཤེར་རྟོག་གློག་བརྙན་’’ཞིག་ཏུ་མཐོང་བ་དེ་ཡིན།