Back To Top

པདྨ་ཚེ་བརྟན། བོད་བརྙན་གྱི་ཤིང་རྟའི་སྲོལ་འབྱེད།

བཀླགས་གྲངས། 201

ང་ཚོས་གློག་བརྙན་གླེང་སྐབས། འཛམ་གླིང་གི་སྒྱུ་རྩལ་བདུན་པའི་ཡབ་ཆེན་དུ་གྲགས་པའི་སྐུ་ཞབས་ཁ་ནུ་ཊོ་(Ricciotto Canudo) མི་གླེང་ཐབས་མེད་ལྟར། བོད་ཀྱི་གློག་བརྙན་གླེང་སྐབས། འདས་པོ་པདྨ་ཚེ་བརྟན་ལགས་ནི་གཡོལ་ཐབས་མེད་པའི་མི་བུ་ཞིག་ཡིན། པདྨ་ཚེ་བརྟན་གྱི་ཡར་སྔོན་དུ། བོད་ཕྱི་ནང་གང་དུའང་། བོད་ལ་བོད་པ་རང་ཉིད་ཀྱི་གློག་བརྙན་ཞེས་པ་ཞིག་བྱུང་མྱོང་མེད་ཅེས་བཤད་ཆོག གློག་བརྙན་ལ་རིན་ཐང་ངོས་འཛིན་དང་། གདེང་འཇོག་དང་ལེན་གྱི་ཚད་གཞི་མཐོན་པོ་མེད་ཅིང་། གློག་བརྙན་རིག་གནས་ཀྱི་འདུ་ཤེས་དང་རྨང་གཞི་ཧ་ཅང་ཞན་པ་དེས། རྒྱལ་ཁབ་དང་མི་རིགས་གཞན་པ་ལྟར། རང་གི་གཏམ་རྒྱུད་རང་གིས་བཤད་ཅིང་། རང་གི་བརྙན་རིས་རང་གིས་བཟོ་བ། རང་གི་གློག་བརྙན་ལ་རང་གིས་འཁྲབ་ཁྲིད་བྱེད་པ་སྟེ། དེང་གསར་འགྱུར་བརྒྱུད་ལམ་དང་ཞིབ་འཇུག་ཁྱབ་ཁོངས་ནང་། ‘‘བོད་ཀྱི་རླབས་རྒྱུན་གསར་བའི་གློག་བརྙན་’’(Tibetan New Wave Cinema) དུ་གྲགས་ཅིང་། འཛམ་གླིང་གི་གློག་བརྙན་སྡིངས་ཆ་དང་རྒྱལ་སྤྱིའི་བརྙན་རིས་འཇིག་རྟེན་ནང་། ཚང་མས་ཡོངས་ཁྱབ་ཏུ་ངོས་འཛིན་ཐོབ་པའི་‘‘བོད་ཀྱི་གློག་བརྙན་’’ནམ། བོད་ཀྱི་‘‘ཡུམ་སྐད་གློག་བརྙན་’’དེ་བྱུང་མེད་པར་འདོད། བོད་ཕྱི་ནང་གཉིས་གང་ཡིན་ཡང་། པདྨ་ཚེ་བརྟན་གྱི་ཡར་སྔོན་དུ། བོད་པ་ནི་གཞན་གྱི་གློག་བརྙན་ལ་རོལ་མྱོང་བྱེད་མཁན་གྱི་ལྟད་མོ་བ་ལས། རང་ལ་བརྙན་རིས་བརྩམས་ཆོས་ཡོད་པའི་གློག་བརྙན་བཟོ་མཁན་གྱི་མི་རིགས་ཤིག་ཏུ་གྱུར་མྱོང་མེད། 

ང་ཚོས་གློག་བརྙན་གསར་དར་གྱི་རྒྱབ་ལྗོངས་དང་རྒྱ་ཁྱབ་ཀྱི་ཟུར་ངོས་གང་ནས་བལྟས་ཀྱང་། བོད་ནང་ལ་མཚོན་ན། གློག་བརྙན་ནི་‘‘སིམ་འཛུལ་རིག་གནས་’’ཤིག་གི་ངོ་བོའི་སྟེང་ནས་བྱུང་ཞིང་། ཐོག་མའི་དུས་སྐབས་སུ། གཙོ་བོ་ཆབ་སྲིད་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་ལག་ཆ་ལྟ་བུར་གྱུར་ཡོད། ཕྱི་ལོ་༡༩༦༣་ལོར། རིག་གནས་གསར་བརྗེ་ཆེན་པོ་མ་བྱུང་བའི་སྔོན་ཙམ་དེར། རྒྱ་ནག་གི་བརྒྱད་གཅིག་གློག་བརྙན་བཟོ་སྐྲུན་ཁང་(八一电影制片厂) གིས་« ཞིང་བྲན། /奴农 - 1963» ཞེས་པའི་གློག་བརྙན་ཞིག་བཟོས། འདི་བོད་དང་བོད་མིའི་འཚོ་བ་བརྙན་ཡོལ་རས་གཞིའི་སྟེང་མངོན་པ་ཐོག་མ་དེ་ཡིན། འོན་ཀྱང་། གློག་བརྙན་དེ་བོད་མིའི་དངོས་ཡོད་གནས་སྟངས་ལས་ལོགས་སུ་བརྒལ་ཞིང་། ཕྱོགས་གཅིག་རང་བཞིན་གྱི་ངོས་འཛིན་བསམ་བཞིན་མཚོན་ཐབས་བྱས་པའི་གློག་བརྙན་ཞིག་ཡིན། འཁྲབ་ཁྲིད་པ་ལིས་ཅུན་(李俊) དང་འཁྲབ་གཞུང་བཅོས་སྒྲིག་པ་ཧོང་ཙུང་ཅང་(黄宗江) གཉིས་ཀྱིས་གཙོས། གློག་བརྙན་རུ་ཁག་གི་ལས་མི་ཡོངས་རྫོགས་རྒྱ་རིགས་ཡིན་ཞིང་། གློག་བརྙན་གྱི་རྒྱབ་ལྗོངས་གཏམ་རྒྱུད་དང་བསམ་བློའི་དམིགས་ཡུལ་ཡང་། སྐབས་དེའི་ཆབ་སྲིད་ལངས་ཕྱོགས་ལ་ཞབས་འདེགས་ཞུ་ཆེད་ཡིན། གློག་བརྙན་ཧྲིལ་བོར་བོད་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་གདུག་རྩུབ་རྩལ་དུ་བཏོན་ནས། རྒྱ་ནག་གཞུང་གིས་བོད་ལ་སྤེལ་པའི་དྲག་པོའི་དབང་སྒྱུར་དང་། གསར་བརྗེའི་ལས་འགུལ་ཁག་ལ་བསྟོད་བསྔགས་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ཡོད། གློག་བརྙན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཙུགས་ནས་ལོ་ངོ་བཅོ་ལྔ་འཁོར་བའི་ལེགས་སྐྱེས་སུ་བདམས། རིག་གནས་གསར་བརྗེ་མཇུག་བསྒྲིལ་ཙམ་དེར། ཕྱི་ལོ་༡༩༧༩ ལོར་ཁྲང་ཁྲོན་གློག་བརྙན་བཟོ་སྐྲུན་ཁང་(长春电影制片厂) གིས་« ཡཱ་ཡཱ་ /丫丫-1979 » ཞེས་པའི་གློག་བརྙན་ཞིག་བཟོས། གློག་བརྙན་འདིའི་བཟོ་སྐྲུན་རུ་ཁག་ནང་ཕུར་བུ་རྡོ་རྗེ་དང་། གཡང་ལྷ། བསྟན་འཛིན་སྒྲོལ་དཀར་སོགས་བོད་མི་འཁྲབ་སྟོན་པ་འགའ་ཤས་ཡོད་ཀྱང་། གློག་བརྙན་འཁྲབ་ཁྲིད་པ་སུན་ཡཱོས་(孙羽) གཙོས་པའི་རྐང་འཛིན་ལས་མི་རྣམས་རྒྱ་རིགས་ཡིན་ཞིང་། « བྲན་གཡོག་ »དང་འདྲ་བར་སྐབས་དེའི་རྒྱ་ནག་གཞུང་གི་ཆབ་སྲིད་ལངས་ཕྱོགས་ལ་ཞབས་འདེགས་ཞུ་བ་སྟེ། རྒྱ་ནག་གིས་‘‘བཅིངས་གྲོལ་’’མ་བཏང་བའི་སྔོན་གྱི་བོད་ནི། ཆེས་དབུལ་ཕོངས་དང་ཆེས་རྗེས་ལུས། ཆེས་མུན་ནག་དང་ཆེས་གདུག་རྩུབ་ཡིན་ཚུལ་གློག་བརྙན་གྱི་རྒྱབ་ལྗོངས་གཏམ་རྒྱུད་དུ་བཟུང་ཡོད། རྗེས་སུ་རྒྱ་ནག་གི་སྲིད་ཇུས་ལ་རིམ་བཞིན་གུ་ཡངས་འགྱུར་ལྡོག་བྱུང་ནའང་། ཧྥུན་ཞའོ་ཉིན་(冯小宁)གྱི་« རྒྱང་རྩེའི་དམག་འཁྲུག / 红河谷 -1999 » ལྟ་བུའི་རྒྱལ་གཅེས་གློག་བརྙན་གང་མང་ཞིག་ཐོན་ཡོད། 

‘‘བཅོས་བསྒྱུར་སྒོ་འབྱེད་’’དུ་འབོད་པའི་རྒྱ་ནག་གི་སྲིད་ཇུས་གུ་ཡངས་ཀྱི་དུས་མགོ་ནས་བཟུང་། ཐེན་ཀྲོང་ཀྲོང་(田壮壮) གི་« རྟ་རྐུན་/盗马贼  -1986 » དང་། ཞའེ་ཧྥེ་(谢飞) ཡི་« ཡེ་ཤེས་སྒྲོལ་མ་ /益西卓玛 - 2000 » ལྟ་བུ་ནས། ཉེ་བའི་ལོ་འགའི་སྔོན་གྱི་ཀྲང་དབྱང་(张扬) གི་« གངས་རིན་པོ་ཆེ་ /冈仁波齐 - 2015» དང་« རྒྱུན་བུར་བརྒྱུས་པའི་རྣམ་ཤེས། /皮绳上的魂 – 2016 »  དེ་མཚུངས་ཉེ་དུས་གསར་དུ་བརྙན་འགྲེམ་བྱས་པའི་ཀྲང་གོ་ཏུང་(张国栋) གི་« བློ་བཟང་ཚང་གི་དོན་རྐྱེན་/ 洛桑的家事 - 2025» ལྟ་བུ་སོགས། རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་དང་རྒྱལ་གཅེས་གློག་བརྙན་གྱི་ས་མཚམས་ལས་བརྒལ་ཞིང་། མི་ཆོས་རིང་ལུགས་ཀྱི་ཟུར་ཁ་ནས་བོད་མིའི་འཚོ་བ་མཚོན་ཐབས་བྱས་པའམ། ཡང་ན་སྒྱུ་འཕྲུལ་དང་རྟོག་བཟོའི་ལམ་ནས། བོད་མིའི་འཚོ་བར་བསྔོག་འདོན་བྱས་པའི་གློག་བརྙན་བརྩམས་ཆོས་གང་མང་བྱུང་། གློག་བརྙན་དེ་དག་གི་རེ་འགའ་ལས། ཕལ་ཆེ་བའི་ཕབ་སྐྲུན་དང་འཁྲབ་སྟོན་ལས་རིམ་ནང་། བཀྲ་ཤིས་ཟླ་བ་ལྟ་བུའི་བོད་རིགས་རྩོམ་པ་པོ་དང་བོད་མི་འཁྲབ་སྟོན་པ་སོགས་ཞུགས་མྱོང་ཡོད། ལྷག་པར་དུ་ཕྱི་ལོ་༡༩༨༨་ལོར་ཕུར་བུ་ཚེ་རིང་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་« སྲོང་བཙན་སྒམ་པོ་» ཞེས་པ་ཐོན། གློག་བརྙན་འདིའི་འཁྲབ་གཞུང་སྒྲུང་གཞི་བོད་བཙན་པོའི་སྐོར་ཡིན་ཞིང་། ཕབ་བསྐྲུན་བྱེད་སའི་ཁོར་ཡུག་ཀྱང་བོད་ཁུལ་ཡིན་པ་མ་ཟད། གློག་བརྙན་ཧྲིལ་བོ་བོད་མི་འཁྲབ་སྟོན་པས་བོད་སྐད་བཤད་ནས་བརྙན་དུ་ཕབ་ཡོད། རྒྱ་ནག་གི་སྲིད་ཇུས་འགྱུར་ལྡོག་དང་བསྟུན་ནས། འདི་ལྟར་གློག་བརྙན་ལ་བོད་དྲི་ཅུང་བྲོ་མགོ་བཙུགས་ཡོད་ནའང་། གློག་བརྙན་གང་མང་ཞིག་རྒྱ་རིགས་ཚོས་འཁྲབ་འཁྲིད་བྱས་པ་དེས། རིག་གནས་སྙིང་སྟོབས་དང་འདུ་ཤེས་ངོས་འཛིན་གྱི་ཁྱབ་ཁོངས་ནས། ཁོ་ཚོའི་བརྙན་རིས་ནང་གི་བོད་མི་ཚོ་ད་དུང་ཡང་‘‘ཚབ་མཚོན་བྱ་ཡུལ་’’སྟེ། གློག་བརྙན་ནང་གི་བོད་མི་རྒྱ་རིགས་ཚོས་འཁྲབ་ཅིང་། བོད་ཀྱི་གཏམ་རྒྱུད་ཀྱང་རྒྱ་མི་རིགས་ཀྱི་བསམ་བློའི་འཁྱེར་སོ་ནང་གི་བོད་ཀྱི་སྣང་བརྙན་ལས་ཐར་ཐུབ་མེད། བརྩམས་ཆོས་དེ་དག་« ཞིང་བྲན་ »དང་ « རྒྱང་རྩེའི་དམག་འཁྲུག་ »ལྟ་བུའི་དབང་སྒྱུར་སྲིད་ཇུས་དང་། རྒྱལ་གཅེས་གློག་བརྙན་གྱི་ས་མཚམས་ལས་བརྒལ་ཡོད་ནའང་། ཕྱོགས་གཅིག་རྐྱང་བ་མངོན་ཐབས་བྱས་པའི་བརྙན་རིགས་ལས་བརྒལ་ཐུབ་མེད། « རྟ་རྐུན་ »དང་ « སྲོང་བཙན་སྒམ་པོ་ » ལྟ་བུའི་བོད་སྐད་གལ་ཆེན་དུ་བཟུང་བའི་གློག་བརྙན་དག་ཀྱང་། དུས་སྐབས་དང་ཁོར་ཡུག་གི་དབང་གིས། མཐར་བརྙན་ཡོལ་རས་གཞི་བརྒྱུད་ནས། མང་ཚོགས་ལ་ཡོངས་ཁྱབ་ཏུ་སྟོན་སྐབས། རྒྱ་ནག་གི་སྤྱི་སྐད་(普通话)ནང་བསྒྱུར་ནས་བརྙན་སྟོན་འགྲེམ་སྤེལ་བྱས་ཡོད། 

བོད་ནང་གློག་བརྙན་ཐོག་མར་བྱུང་བ་དང་། ལྷག་པར་དུ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་དང་དགུ་ཅུའི་ནང་། གློག་བརྙན་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བའི་དུས་སྐབས་དེར། བོད་ནང་སྟོན་བཞིན་པའི་གློག་བརྙན་དང་། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནང་དར་སྲོལ་ཆེ་བའི་གློག་བརྙན་བར་ཁྱད་པར་མེད། དམིགས་བསལ་‘‘བོད་ཀྱི་གློག་བརྙན་’’དུ་འབོད་པའི་མི་རིགས་གཞན་གྱི་གློག་བརྙན་བརྩམས་ཆོས་འགའ་རེ་བྱུང་བ་དེ་ཚོ་ལས་གཞན། རྒྱལ་ས་ལྷ་ས་དང་མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་དུ། གློག་བརྙན་སྐད་སྒྱུར་ཁང་(电影译制厂) གཙུགས་ནས། རྒྱ་ནག་གི་ [རྒྱལ་གཅེས་གློག་བརྙན་བརྒྱ་བ་]ལྟ་བུ། དམངས་ཁྲོད་དུ་འབོད་པའི་མི་རིགས་གཞན་གྱི་‘‘བོད་སྐད་གློག་བརྙན་’’འབོར་ཆེན་ཡང་བྱུང་ཡོད། ལོ་རབས་དེ་དག་གི་ནང་། གྲོང་ཁྱེར་དང་རྫོང་ཁག་ཕལ་ཆེ་བར་གློག་བརྙན་ཁང་ཡོད་ཅིང་། ཞིང་འབྲོག་གིས་མཚོན་པའི་བོད་ཁུལ་གྱི་གྲོང་བརྡལ་དང་གྲོང་ཚོ་ཁག་ཏུའང་། བརྙན་སྟོན་པ་རུ་ཁག་ཆ་བགོས་ཀྱིས། གློག་བརྙན་སྟོན་པར་འགྲོ་དགོས་བའི་སྒྲིག་འཛུགས་རང་བཞིན་གྱི་ལུགས་སྲོལ་ཞིག་ཀྱང་དུས་ཡུན་རིང་བོར་གནས་མྱོང་། ཕྱིས་སུ་བརྙན་སྟོན་ཁང་(录像室)དར་ཁྱབ་བྱུང་བ་དང་བསྟུན། རྒྱ་ནག་ནང་ཧོང་ཀོང་དང་ཐེ་ཝན་གྱི་གློག་བརྙན་དར་སྲོལ་བྱུང་བ་ལྟར། བོད་ནང་དུའང་དེ་རིགས་ཧ་ཅང་གི་དར་ཁྱབ་ཆེན་པོ་བྱུང་། རྒྱབ་ལྗོངས་དང་རྒྱུ་རྐྱེན་དེའི་དབང་གིས་མིན་ནམ། པདྨ་ཚེ་བརྟན་གྱི་ཡར་སྔོན་དུ། བོད་ནང་ལ་མཚོན་ན། ‘‘བོད་ཀྱི་གློག་བརྙན་’’དང་‘‘བོད་སྐད་གློག་བརྙན་’’གྱི་ངོས་འཛིན་ཤེས་རྟོག་ནི། མི་རིགས་གཞན་གྱིས་འཁྲབ་འཁྲིད་དང་འཁྲབ་སྟོན་བྱས་པའི་བོད་ཀྱི་གཏམ་རྒྱུད་ཅན་གྱི་བརྙན་རིས་དང་། བོད་སྐད་དུ་བསྒྱུར་བའི་མི་རིགས་གཞན་གྱི་གློག་བརྙན་ཙམ་ལ་གོ་བའི་ཚད་གཞི་ལས་བརྒལ་ཐུབ་མེད།

དེ་བཞིན་ཕྱི་ལོགས་ལ་མཚོན་ནའང་། ཕྱི་ལོ་༡༩༣༧ ལོར་ཐོན་པའི་ཨ་རིའི་« བོར་ཟིན་པའི་མཐའ་མཚམས། /Lost Horizon » དང་། དམིགས་བསལ་ཕྱི་ལོ་༡༩༩༧ དང་༡༩༩༨་ལོའི་ནང་། བཙན་བྱོལ་དུ་ཧྥ་རན་སིའི་འཁྲབ་འཁྲིད་པ་གྲགས་ཅན་ཨན་ནོ་ཊི་(Jean-Jacques Annaud) ལགས་ཀྱི་« བོད་ནང་ལོ་བདུན་ / Seven Years In Tibet -1997 » དང་། ཨ་རིའི་འཁྲབ་འཁྲིད་པ་གྲགས་ཅན་མཱར་ཌིན་ (Martin Scorsese) ལགས་ཀྱི་« སྐུ་མདུན / Kundun -1998 » དང་། པོལ་ཝང་ནཱེ་(Paul Wanger) ལགས་ཀྱི་ « རླུང་རྟ་ / Wind Horse -1998 » སོགས་བོད་འབྲེལ་གློག་བརྙན་ཁག་ཅིག དུས་ཡུན་ཐུང་ཐུང་ཞིག་ནང་དུ་བསྟུན་མར་ཐོན་ཡོད། « བོད་ནང་ལོ་བདུན་ » དང་ « ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་» སོགས། འཛམ་གླིང་ནང་སྙན་གྲགས་འབར་བའི་མི་སྣའི་རང་རྣམ་བརྩམས་ཆོས་ཁག་དང་། « རླུང་རྟ་ »ལྟ་བུ། ལོ་རབས་བརྒྱད་ཅུའི་བོད་ནང་གི་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་སོགས་གློག་བརྙན་གྱི་བརྗོད་གཞིར་བཟུང་ཞིང་། ཨ་རིའི་ཧོ་ལེ་ཝོག་ཊིས་(Hollywoood) བརྙན་ཕབ་འགྲེམས་སྤེལ་བྱས་པ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ནང་གློག་བརྙན་གྱི་ལམ་ནས། བོད་དོན་དྲིལ་བསྒྲགས་བྱེད་པར་གཡུར་དུ་ཟ་བའི་འབྲས་བུ་ཐོན་ཡོད། འོན་ཀྱང་། གློག་བརྙན་རིག་གནས་རང་ངོས་ནས་བཤད་ན། བོད་ཕྱི་ལོགས་ཀྱི་གློག་བརྙན་དེ་དག་ཀྱང་། བརྗོད་བྱར་བོད་ཀྱི་གཏམ་རྒྱུད་བཟུང་ཞིང་འཁྲབ་སྟོན་པར་བོད་མི་མང་བ་ཙམ་ལས། བོད་ནང་གི་གློག་བརྙན་« སྲོང་བཙན་སྒམ་པོའི་ »གནས་སྟངས་དང་གཅིག་མཚུངས་སུ་གྱུར་ཡོད། མཚོ་སྔོན་བོད་སྐད་གློག་བརྙན་སྒྱུར་སྐྲུན་ཁང་སོགས་ཀྱིས་བསྒྱུར་བའི་ [རྒྱལ་གཅེས་གློག་བརྙན་བརྒྱ་བ་] སྟེ། བོད་སྐད་གློག་བརྙན་གྱི་འཁྲུལ་གཞིར་གྱུར་བའི་མི་རིགས་གཞན་གྱི་གློག་བརྙན་འབོར་ཆེན་དང་འདྲ་བར། ཕྱི་ལོ་༡༩༩༠ ལོ་རབས་ནང་བཙན་བྱོལ་དུའང་། བོད་ཀྱི་ཟློས་གར་ཚོགས་པས་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་གློག་བརྙན་« Shaheed Bhabat Singh » ཞེས་པ་བོད་སྐད་དུ་བསྒྱུར་ཅིང་། གློག་བརྙན་དེར་དཔེར་བླངས་ནས་ཟློས་གར་སློབ་ཕྲུག་ཚོས་« དཔའ་བོ་གསུམ་ »ཞེས་པའི་གློག་བརྙན་ཞིག་ཀྱང་བཟོས་མྱོང་ཡོད། རྩ་དོན་འཐབ་རྩོད་དང་སྲོལ་རྒྱུན་སྲུང་སྐྱོབ་ནི་བཙན་བྱོལ་བའི་འགན་འཁྲི་གཙོ་བོ་ཡིན་ཞིང་། གཙོ་རྒྱུག་བསམ་བློ་དང་འདུ་ཤེས་དེའི་ཁྱབ་ཁོངས་ནས་གསར་གཏོད་ལ་རིན་ཐང་ཆུང་བ་ནི་ཆོས་ཉིད་དུ་གྲུབ་ཡོད། གློག་བརྙན་« བོར་ཟིན་པའི་མཐའ་མཚམས་ »ཀྱི་ཁ་བྱང་ལྟར། རང་བཙན་དང་རྒྱལ་ཁབ་བརླག་ཟིན་པའི་བཙན་བྱོལ་བའི་སེམས་ཁམས་ནང་། འབད་བརྩོན་ཡོད་ཚད་རྩ་དོན་འཐབ་རྩོད་དང་སྲོལ་རྒྱུན་སྲུང་སྐྱོབ་ཀྱི་ཐབས་བྱུས་གསར་པའི་རྗེས་སུ་འགྲོ་ལྡོག་བྱེད་དགོས་པ་ལས། གློག་བརྙན་ལྟ་བུའི་དེང་རབས་སྒྱུ་རྩལ་བརྩམས་ཆོས་དང་ལས་རིགས་གསར་པ་ལ། རིག་གཞུང་དང་སྐད་ཡིག་རང་ཚུགས་ཀྱི་ཕྱོགས་ངོས་ནས། ‘‘བོད་ཀྱི་གློག་བརྙན་’’དང་‘‘བོད་སྐད་གློག་བརྙན་’’ལྟ་བུའི་ས་མཚམས་ཕྱེ་རྒྱུ་ནི། ཡུལ་དུས་གནས་བབ་གང་གི་ཆ་ནས་ཀྱང་རིན་མེད་དགོས་མེད་དུ་གྱུར་ཡོད། དེར་བརྟེན། བོད་ཕྱི་ནང་གཉིས་གང་ཡིན་ཡང་། པདྨ་ཚེ་བརྟན་གྱི་ཡར་སྔོན་དུ། བརྙན་ཡོལ་རས་གཞི་སྟེང་གི་བོད་ཀྱི་གཏམ་རྒྱུད་དང་བོད་མའི་འཚོ་བ་སོགས་ནི། རྒྱ་མི་རིགས་ཀྱིས་གཙོ་བའི་ཕྱི་རྒྱལ་བ་ཚོས་ལས་དབང་ལ་ཁ་ལོ་བསྒྱུར་བའི་བོད་ཀྱི་བརྙན་རིས་བརྩམས་ཆོས་ཤ་སྟག་ཡིན།

ཕྱི་ལོ་༢༠༠༢་ལོ་ནི་བོད་ཀྱི་གློག་བརྙན་ལ་མཚོན་ན། ཧ་ཅང་གི་ལོ་རྒྱུས་རང་བཞིན་གྱི་དཀྱོག་མཚམས་ཤིག་ཏུ་འཁེལ་ཡོད། ལོ་དེར་པདྨ་ཚེ་བརྟན་གྱིས་རང་གི་བརྩམས་ཆོས་ཐོག་མ་« ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་»ཡོངས་ཁྱབ་བརྙན་འགྲེམ་བྱས། ཐོག་མའི་བརྙན་འགྲེམ་འདི་ཁོང་གི་བརྩམས་ཆོས་དེའི་བརྙན་ཐུང་དཔར་གཞི་ཡིན་ནའང་། དུས་ཡུན་སྐར་མ་སུམ་ཅུ་ལས་མེད་པའི་བརྙན་ཐུང་འདིའི་ཕུགས་ཀྱི་དོན་སྙིང་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། བརྙན་གསར་ཕབ་སྐྲུན་གྱི་གཙོ་ཤུགས་རུ་ཁག་སྟེ། གློག་བརྙན་དེའི་འཁྲབ་གཞུང་རྩོམ་མཁན་ནས་འཁྲབ་ཁྲིད་བྱེད་མཁན་དང་། འཁྲབ་སྟོན་མི་སྣ། བརྙན་ཕབ་དང་སྒྲ་ལེན་བྱེད་མཁན་གྱི་ལག་རྩལ་པ་སོགས། ལས་མི་ཡོངས་རྫོགས་བོད་མི་རྐྱང་བས་གྲུབ་ཅིང་། དེ་སྔའི་«རྟ་རྐུན་»དང་« སྲོང་བཙན་སྒམ་པོ་ » ལྟར་མིན་པར། གློག་བརྙན་ཧྲིལ་བོ་བོད་སྐད་ཀྱི་ལམ་ནས་ཕབ་སྐྲུན་བྱས་ཤིང་། བོད་སྐད་ཀྱི་ལམ་ནས་ཡོངས་ཁྱབ་བརྙན་འགྲེམ་བྱས་ཡོད། ཕྱི་ལོ་༢༠༠༥་ལོར་འདིའི་བརྙན་རིང་དཔར་གཞི་ཡང་ཡོངས་ཁྱབ་བརྙན་འགྲེམ་བྱས། གློག་བརྙན་འདི་བརྒྱུད་ནས་ཁོས་བོད་ལ་རང་གི་བརྙན་རིས་རིག་གནས་ཀྱི་སྒོ་གླེགས་གསར་དུ་ཕྱེས་པ་མ་ཟད། ལོ་རྒྱུས་ཐོག་གི་བོད་མིས་རང་གི་གཏམ་རྒྱུད་རང་གིས་བཤད་ཅིང་། རང་གི་བརྙན་རིས་རང་གིས་བཟོས་ནས། རང་གི་གློག་བརྙན་ལ་རང་གིས་འཁྲབ་འཁྲིད་བྱས་པའི་‘‘བོད་ཀྱི་གློག་བརྙན་’’ཐོག་མ་དང་། གློག་བརྙན་ཧྲིལ་བོ་བོད་སྐད་ཀྱི་ལམ་ནས་ཕབ་སྐྲུན་འགྲེམ་སྤེལ་བྱས་པའི་‘‘བོད་ཀྱི་ཡུམ་སྐད་གློག་བརྙན་’’ཐོག་མའི་དབུ་ཁྱུད་བྲིས། རང་ཉིད་བོད་པ་ཞིག་དང་བོད་མི་འཁྲབ་ཁྲིད་པ་ཞིག་ཡིན་པའི་ངོས་ནས། རྒྱ་རིགས་དང་ཕྱི་རྒྱལ་བ་ཚོ་ལྟར་མིན་པར། ཁོས་བོད་ཀྱི་རིག་གཞུང་རང་ཚུགས་ཀྱི་ཟབ་ས་ནས། རང་གི་ཐུན་མོང་མ་ཡིན་པའི་མཛེས་རྩལ་རིག་པའི་ཁྱད་ཆོས་དང་ཐབས་རྩལ་སྤྱད་ནས། « ཞིང་བྲན་ »དང་ « ཡཱ་ཡཱ་ »ནང་གི་ཆེས་མུན་ནག་དང་ཆེས་གདུག་རྩུབ་ཀྱི་སྒྲོ་འདོགས་འཁྱོག་བརྗོད་དང་། « བོར་ཟིན་པའི་མཐའ་མཚམས་ »དང་« རྒྱུན་བུར་བརྒྱུས་པའི་རྣམ་ཤེས་ »ནང་གི་ལྐོག་གྱུར་དང་སྒྱུ་འཕྲུལ། འཆར་ཡན་གྱི་གསང་རས་བཤུས་ནས། དུས་རབས་ཀྱི་ཤུགས་རྐྱེན་དང་དེང་རབས་ཅན་གྱི་འགྱུར་ལྡོག་འོག ལྟོས་བཅས་ཀྱི་ཁ་སྟབས་ཞན་པའི་དངོས་ཡོད་དང་དོན་དམ་གྱི་བོད་ཅིག་བརྙན་ལམ་དུ་དྲངས་ཡོད། གློག་བརྙན་འདིས་དེ་སྔ་ཕྱི་རྒྱལ་བ་དང་རྒྱ་རིགས་ཚོས་‘‘བོད་ཀྱི་ཚབ་མཚོན་’’བྱས་ནས། བོད་ཀྱི་གློག་བརྙན་བཟོ་བའི་ལོ་རྒྱུས་ཀྱི་ལེའུ་དེར་རྫོགས་ཚིག་བཀོད་ཡོད།

པདྨ་ཚེ་བརྟན་གྱིས་« ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ » གྱི་རྗེས་སུ། ཕྱི་ལོ་༢༠༠༩་ལོར་« འཚོལ་ »དང་། ཕྱི་ལོ་༢༠༡༡་ལོར་« ཁྱི་རྒན་ »གཉིས་བརྙན་འགྲེམ་བྱས། ཁོང་གི་ཐོག་མའི་དུས་ཀྱི་བརྩམས་ཆོས་འདི་དག་ལ་‘‘ཕ་ཡུལ་གྱི་མགྱོགས་བྲིས་ཁག་གསུམ་’’དུ་འབོད། པདྨ་ཚེ་བརྟན་གྱིས་ལྟོས་ཚོད་ལ་འཆར་ཅན་དང་རྒྱུན་ལྡན་ལྟ་བུའི་ཕ་ཡུལ་གྱི་ཉིན་རེའི་འཚོ་བའི་གཏམ་རྒྱུད་རྣམས། ཧ་ཅང་ལྷུན་ཆགས་ཀྱི་བརྙན་གཤིས་ལྡན་པའི་པར་ལེན་སྒྱུ་རྩལ་གྱི་བརྙན་མིག་ཏུ་དྲངས་ནས། རང་བྱུང་མཚར་སྡུག་གིས་བརྒྱན་པའི་བརྙན་རིས་དེ་དག རྒྱ་རིགས་ཚོའི་དྲིལ་སྒྲོལ་དང་ཕྱི་རྒྱལ་བའི་ལྷ་སྒྲུང་གི་རྣམ་པ་ལས་རིང་དུ་གྱེས་ནས། དངོས་ཡོད་དང་འཚོལ་ཞིབ་ཀྱི་རྣམ་པར་བསྒྱུར་ཡོད་པ་མ་ཟད། སྲོལ་རྒྱུན་དང་དེང་རབས་བར་གྱི་འགལ་འདུ་ལ་བསམ་གཞིགས་བྱེད་པའི་ལག་ཆར་ཡང་བསྒྱུར་ཡོད། « ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ »ནང་། བརྙན་འཕྲིན་ལ་ལྟ་རྒྱུར་དགའ་བའི་བན་ཕྲུག་ཆུང་ཆུང་དེས། བོད་ཀྱི་ལྷ་གཞུང་དྲི་མེད་ཀུན་ལྡན་ལ་སུན་སྣང་སྐྱེས་ཏེ། སུང་ཝུའུ་ཁུང་(孙悟空) གི་རྫུ་འཕྲུལ་སྟོན་པའི་« ནུབ་ཕྱོགས་འགྲིམ་པའི་གཏམ་རྒྱུད་ »ལ་དགའ་བོ་བྱས། ཁོའི་ཨ་ཁུའམ་རྒས་ཉམས་དོད་པའི་བླ་རྒན་དེས་ཀྱང་མཉམ་དུ་ལྟ་མགོ་བརྩམས། ཕྱི་ཡོང་རིག་གནས་ཀྱི་ངོ་ཚབ་དང་སྣང་ཚུལ་མཚོན་པའི་བརྙན་འཕྲིན་ལ་ལྟ་བ་ནི། རིམ་བཞིན་དགོན་པའི་ནང་གི་ཁོ་ཚོའི་ཉིན་རེའི་ཆོས་ལུགས་ཉམས་ལེན་གྱི་ཆོ་ག་དང་། ཡང་ན་མི་ཚེ་འཚོ་བའི་ཆ་ཤས་ལྟ་བུར་གྱུར། གློག་བརྙན་ནང་། བརྙན་འཕྲིན་འཕྲུལ་ཆས་ཙམ་མིན་པར། དེ་དང་འགྲོགས་ནས་ཡོང་བའི་ཕྱི་ཡོང་རིག་གནས་ཀྱི་སིམ་འཛུལ་ལ་བསམ་གཞིག་དགོས་པའི་དྲན་སྐུལ་བཏང་ཡོད། གློག་བརྙན་«འཚོལ་ » གྱི་ནང་། འཁྲབ་འཁྲིད་པས་བོད་ཀྱི་སྲོལ་རྒྱུན་གྱི་ལྷ་གཞུང་དྲི་མེད་ཀུན་ལྡན་གློག་བརྙན་དུ་བཟོ་ཆེད། འོས་འཚམ་གྱི་འཁྲབ་སྟོན་པ་ཞིག་འཚོལ་བར་ལམ་ལ་ཆས། རི་ཆུ་དང་ལ་ལུང་གང་མང་བརྒལ་ནས་བཙལ་ཡང་མ་བརྙེད། སྣང་ཚུལ་དེས། དུས་རབས་དང་བསམ་བློའི་འགྱུར་ལྡོག་རྒོད་པའི་དེང་རབས་ཀྱི་འཚོ་བའི་ཁྲོད། བོད་ཀྱི་རིག་གནས་ཀྱིས་ཚད་གཞི་མི་འདྲ་བའི་ཉམ་ཆག་གི་བརྒྱུད་རིམ་ཞིག་འགྲིམ་བཞིན་པ་དང་། བོད་མི་ཚོས་ཁོས་འཚོལ་བཞིན་པའི་མི་སྣའི་རིན་ཐང་ལྟ་ཚུལ་ལ་འགྱུར་ལྡོག་བྱུང་ནས། ཡིད་ཆེས་བརླགས་བཞིན་པ་ཚོར་དུ་བཅུགས་ཡོད། « ཁྱི་རྒན་ »གྱིས་བོད་ཀྱི་རིག་གནས་རྒྱུན་སྲོལ་མང་བོ་ཞིག་བོར་བརླག་ཏུ་སོང་བ་དང་། ཡང་མང་བོ་ཞིག་ངན་རུལ་གྱི་ངོ་བོར་འགྱུར་བཞིན་པའི་ཁྲོད། གློག་བརྙན་ནང་གི་ཁྱི་རྒན་གྱི་སྐྱོ་གར་ལྟ་བུའི་ལས་དབང་ལྟར། དངུལ་ལོའི་དུས་རབས་ནང་མ་རྩ་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་དང་། བོད་མིའི་སྲོལ་རྒྱུན་གྱི་བྱམས་བརྩེའི་སེམས་ཚོར་རམ། ལས་འབྲས་རྣམ་བཞག་གཉིས་གྱི་འགལ་ཟླའི་བར་ནས། བོད་མི་ཚོ་དབུགས་ཀྱང་གཏོང་ལེན་དཀའ་བའི་གནས་སྟངས་ནང་བསྐྱལ་བ་བསྟན་ཡོད།

‘‘ཕ་ཡུལ་གྱི་མགྱོགས་བྲིས་ཁག་གསུམ་’’དུ་གྲགས་པའི་པདྨ་ཚེ་བརྟན་གྱི་ཐོག་མའི་དུས་ཀྱི་བརྩམས་ཆོས་འདི་དག་ལ། གློག་བརྙན་ལག་རྩལ་དང་བཟོ་སྐྲུན་ཆ་རྐྱེན་ཐད་ཀྱི་ལྷན་སྐྱེས་ཚད་གཞི་ཧ་ཅང་དམའ་བོ་སྟེ། བརྙན་ངོ་མང་ཆེ་བར་རྩང་ཆ་དང་རྩུབ་ཆ་ཆེ་ཞིང་ཞིབ་ཚགས་མེད་པ་དང་། བར་ཐག་རིང་བའི་བརྙན་སྟོང་མང་ཞིང་ལྟས་དབང་གི་བརྙན་རིས་ཚོར་ཤུགས་འདྲེན་པར་སྒུག་ཡུན་རིང་བ། ནང་གི་ཁོར་ཡུག་གི་བརྙན་ཚན་མང་བོར་སྨག་སེལ་འོད་མདངས་ཀྱིས་མི་འདང་བ། བོད་སྐད་ཀྱི་འཁྲབ་ཚིག་ཕབ་འཇུག་གི་སྒྲ་མི་གསལ་ཞིང་། ཁོར་ཡུག་ནང་རང་བྱུང་གི་བར་ཆད་ཙིར་སྒྲ་ཆེ་བ། སྒྲིག་སྦྱོར་སྐབས་ཀྱི་སྒྲ་སྦྱོར་ལ་ལས་སྣོན་གྱི་ཤུལ་རྗེས་མངོན་གསལ་དོད་པ། ཆེད་ལས་མིན་པའི་བོད་རིགས་འཁྲབ་སྟོན་པ་ཚོའི་འཁྲབ་སྟོན་དང་འཁྲབ་ཚིག་བཤད་སྐབས། རང་བྱུང་གི་མཉམ་སྣང་མེད་ཅིང་སློབ་ཚན་བློ་ནས་སྐྱོར་བ་ལྟ་བུའི་བཙན་སྦྱོར་ཆེ་བ། གཏམ་རྒྱུད་འཆད་རིམ་གྱི་སྒྲོམ་གཞི་ཐད་ནས་ཀྱང་། སྒྲུང་གཏམ་ལས་གློག་བརྙན་གྱི་ཚོར་སྣང་སྟེ། ཡིག་ངོས་ཀྱི་ཚོར་འདུ་ལས་བརྙན་རིས་ཀྱི་རོལ་མྱོང་མི་སྟེར་བ་སོགས། དུས་སྐབས་དེར་བོད་ནང་ཆེད་ལས་གློག་བརྙན་བཟོ་སྐྲུན་རུ་ཁག་མེད་ཅིང་། ཕབ་སྐྲུན་སྒྲིག་ཆས་དང་བརྙན་བཟོ་མ་དངུལ་གྱི་དཔལ་འབྱོར་ཞན་པ། པདྨ་ཚེ་བརྟན་རང་ཉིད་ཀྱང་སྒྲུང་གཏམ་རྩོམ་པ་བོ་ཞིག་ནས། གློག་བརྙན་འཁྲབ་འཁྲིད་པ་ཞིག་གི་འགྱུར་མཚམས་སུ་འཁེལ་བ་བཅས། གློག་བརྙན་བཟོ་སྐྲུན་གྱི་ཉམས་མྱོང་དང་། ཆེད་ལས་མི་སྣའི་རུ་ཁག ཕབ་སྐྲུན་གྱི་མ་དངུལ་མ་འདང་བའི་དངོས་ཡོད་ཀྱི་ཞན་ཆ་མང་། འོན་ཀྱང་། ‘‘ཕ་ཡུལ་གྱི་མགྱོགས་བྲིས་ཁག་གསུམ་’’རྒྱུན་མཐུད་རང་བཞིན་གྱིས་བསྟུན་མར་བརྙན་ཕབ་བཟོ་སྐྲུན་དང་། ཡོངས་ཁྱབ་བརྙན་འགྲེམ་ལེགས་གྲུབ་བྱུང་བ་དེས། ཁོའི་དུས་ཕྱིའི་ཆ་རྐྱེན་འཛོམས་ཤིང་སྒྱུ་རྩལ་ཕུན་སུམ་ཚོགས་པའི་བརྩམས་ཆོས་ཁག་གི་བླ་སྲོག་སྟེ། ‘‘བོད་ཀྱི་སྐད་ཡིག་གི་ལམ་ནས་མ་གཏོགས་བོད་ཀྱི་རིག་གཞུང་དང་བོད་མིའི་བསམ་བློ་མཚོན་མི་ཐུབ་ཅིང་། བོད་ཀྱི་བརྙན་རིས་འཇིག་རྟེན་བོད་མི་རང་ཉིད་ཀྱིས་བཟོ་སྐྲུན་རྐང་འཛིན་དགོས་པའི་’’གཞི་རྩའི་བོད་བརྙན་གྱི་རྩ་དོན་དང་། ཆབ་སྲིད་དང་འཆར་ཡན་སོགས་མི་རིགས་གཞན་གྱི་བརྙན་རིག་ལས་རིང་དུ་བརྒལ་ཞིང་། མཛེས་རྩལ་དངོས་ཡོད་རིང་ལུགས་ཀྱི་ལམ་ནས། རྒྱ་ནག་གི་དེང་རབས་ཅན་གྱི་འགྱུར་ལྡོག་དང་རྒྱལ་སྤྱིའི་གོ་ལ་གཅིག་གྱུར་ཅན་གྱི་འགྱུར་ལྡོག་འོག བོད་ཀྱི་སྲོལ་རྒྱུན་དང་དེང་རབས་བར་གྱི་འགལ་འདུ་དང་གདོང་ཐུག བོད་མིའི་བསམ་བློའི་འགྱུར་ལྡོག་དང་འཚོ་གནས་དཀའ་ངལ་སོགས་ལ་འཚོལ་ཞིབ་དང་བསམ་གཞིགས་ཟབ་ཅིང་། བོད་མིའི་ནང་ཁུལ་གྱི་མཐོང་སྣེ་མངོན་གསལ་དོད་པའི་པདྨ་ཚེ་བརྟན་གྱི་བརྙན་རིག་ལྟ་གྲུབ་བམ། བོད་ཀྱི་རིག་གཞུང་རང་ཚུགས་ཀྱི་སྒྱུ་རྩལ་དང་མཛེས་རིག་གི་ཁྱད་ཆོས་འབུར་དུ་ཐོན་ཞིང་། བལྟས་པ་ཙམ་གྱི་བོད་ཀྱི་རྣམ་པ་གསལ་ཞིང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་། པདྨ་ཚེ་བརྟན་གྱི་རང་སྐྱ་ཐུབ་པའི་སྒེར་ཚུགས་བརྙན་གཤིས་དེ་གྲུབ་པར་རྨང་གཞི་བརྟན་པོ་ཞིག་བཙུགས་ཡོད།  

ཕྱི་ལོ་༢༠༠༢་ལོའི་སྔ་གཞུག་སྟེ། པདྨ་ཚེ་བརྟན་གྱིས་བོད་བརྙན་གསར་གཏོད་ཀྱི་ལམ་བུ་ལ་བརྩོན་པ་སྐྱེད་སྐབས་ནི། ཁོང་གི་གློག་བརྙན་བཟོ་སྐྲུན་གྱི་ཁོར་ཡུག་ཏུ་གྱུར་བའི་རྒྱ་ནག་ལ་མཚོན་ན། ཧ་ཅང་གི་འགྱུར་བག་རྒོད་པའི་དུས་རིམ་ཞིག་ཏུ་སླེབས་ཡོད། རྒྱ་སྐད་གཙོ་རྒྱུགས་སྐད་ཡིག་ཏུ་གྱུར་བའི་རྒྱའི་བརྙན་རིག་འཇིག་རྟེན་ནང་། གྲངས་ཉུང་མི་རིགས་ཤིག་གི་ཡུམ་སྐད་གཙང་མའི་གློག་བརྙན་གྱི་གཞི་རྐང་འཛུགས་རྒྱུ་དེ། ‘‘ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་’’ཀྱི་ལམ་ལུགས་ཁོངས་སུ་ཚུད་པའི་སོག་པོ་དང་། ཡུ་གར། བོད་བཅས་སུ་ཡིན་རུང་། དེ་སྔ་ཕམ་ཉེས་རིམ་པར་བྱུང་བའི་ཚོད་ལྟ་ཞིག་ཏུ་གྱུར་མྱོང་ཡོད། དམིགས་བསལ་ལོ་དེའི་སྔ་གཞུག་ཏུ། རྒྱ་ནག་གི་སྲིད་ཇུས་འཕེལ་འགྱུར་གྱི་དམིགས་འབེན་དཔལ་འབྱོར་དང་རྒྱལ་གཅེས་ལ་བཏད་པ་དེས། གློག་བརྙན་བརྩམས་ཆོས་མང་བོའི་ཁ་ཕྱོགས་ཚོང་ལས་རང་བཞིན་ཅན་དང་མི་རིགས་རིང་ལུགས་ཅན་དུ་བསྒྱུར་ཅིང་། རྒྱ་ནག་གི་གློག་བརྙན་གསར་སྐྲུན་གྱི་ཐོན་དངོས་ལ་ཡང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་། དེ་སྔའི་སྲོལ་རྒྱུན་གྱི་དྲག་རྩལ་གློག་བརྙན་ནས་ད་ལྟའི་རྒྱལ་གཅེས་གློག་བརྙན་གྱི་བར་དང་། བརྩེ་དུང་དང་དགོད་བྲོའི་གློག་བརྙན་ནས་ཕྱི་འབྲེལ་དང་རྒྱལ་སྤྱིའི་སྣང་བརྙན་དྲིལ་སྒྲོག་གི་‘‘སྤྱང་ལྟོགས་’’(战狼电影)གློག་བརྙན་གྱི་བར། འཆར་ཡན་དང་ཉེན་མཆོང་གློག་བརྙན་ནས་རི་འགོག་དམག་འཁྲུག་དང་མེ་འགོག་ཁྲོ་རོགས(抗美援朝)གློག་བརྙན་བར་གྱི་འགྱུར་བ་སོགས། རྒྱལ་གཅེས་བསམ་བློ་དང་ཁྲོམ་རའི་དཔལ་འབྱོར་གྱི་འགྱུར་བག་རྒོད་པོའི་འགྲན་རྩོད་ཁྲོད། རྒྱ་ནག་གི་རང་དབང་གློག་བརྙན་དང་སྒྱུ་རྩལ་གློག་བརྙན་གྱི་ལས་རིགས་གཉེར་མཁན་དང་། ལྷག་པར་དུ། པདྨ་ཚེ་བརྟན་ལྟ་བུའི་རང་གི་ཡུམ་སྐད་གློག་བརྙན་བརྩམས་ཆོས་ཀྱི་བླ་སྲོག་ཏུ་འཛིན་མཁན་གྱི་བོད་མི་འཁྲབ་ཁྲིད་པ་གསར་པ་ཞིག་ལ་མཚོན་ན། འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་དང་གོ་སྐབས་ཧ་ཅང་ཉག་ཕྲ་བའི་དུས་སྐབས་ཤིག་དང་། མི་རབས་ལྔ་བའི་རྒྱ་ནག་གི་འཁྲབ་འཁྲིད་པ་ཚོ། ཚོང་ལས་གློག་བརྙན་ལ་ཁ་ཕྱོགས་ནས་དཔལ་འབྱོར་འདུ་འགོད་དང་། མི་རབས་དྲུག་པའི་འཁྲབ་འཁྲིད་པ་ཚོས་རང་དབང་དང་སྒྱུ་རྩལ་གློག་བརྙན་གྱི་རྩ་ཆེའི་རིན་ཐང་འཁྱེར་ནས། རྒྱལ་སྤྱིའི་སྡིངས་ཆའི་སྟེང་གསོན་གནས་འཚོལ་བཞིན་པའི་བར་མཚམས་ནས། ཚང་མས་ཡང་བསྐྱར་རྒྱ་རིགས་ཚོས་སྣེ་འཁྲིད་པའི་མི་རབས་བདུན་པའི་འཁྲབ་འཁྲིད་པའི་ཚོགས་སྡེ་ཞིག གསར་དུ་འབྱུང་ཐུབ་མིན་ཐད་སེམས་འཚབ་དང་གླེང་སློང་ཆེ་བའི་དུས་མཚམས་ཤིག་ཏུ་འཁེལ་ཡོད། དེ་ལྟ་ནའང་། པདྨ་ཚེ་བརྟན་གྱིས་མུ་མཐུད་ནས་བོད་སྐད་ཀྱི་ལམ་ནས་གློག་བརྙན་གསར་བཟོའི་རྩ་དོན་རྒྱུན་འཁྱོངས་དང་། འཚོལ་ཞིབ་དང་བསམ་གཞིག་ཟབ་པའི་བོད་མི་ནང་ཁུལ་གྱི་རིག་གཞུང་རང་ཚུགས་ཀྱི་མཐོང་སྣེ་གསལ་ཞིང་། དངོས་ཡོད་དང་བར་ཐག་ཉེ་བའི་དོན་དམ་གྱི་བོད་ཅིག་བརྙན་ངོར་འདྲེན་པའི་མཛེས་དཔྱོད་ཐབས་ལམ་སྤྱད་ནས། རང་གི་གློག་བརྙན་བརྩམས་ཆོས་ཁག་གི་གཏམ་རྒྱུད་འཆད་ཐབས་ཀྱི་མི་སྒེར་བརྙན་གཤིས་མི་མཐུད་མཐའ་འཁྱོངས་བྱས།

ཕྱི་ལོ་༢༠༡༥་ལོར་པདྨ་ཚེ་བརྟན་གྱིས་བརྩམས་ཆོས་གསར་པ་« ཐར་ལོ་ » གསར་དུ་ཕབ་སྐྲུན་བརྙན་འགྲེམ་བྱས་ཤིང་། རིམ་བཞིན་ཕྱི་ལོ་༢༠༡༨་ལོར་ « ལག་དམར། » དང་། ཕྱི་ལོ་༢༠༡༩་ལོར་ « དབུགས་ལྒང་། » ཕྱི་ལོ་༢༠༢༣་ལོར་ཁོང་གི་ཤུལ་བཞག་བརྩམས་ཆོས་« གསའ་ » སོགས། ལོ་ངོ་བརྒྱད་ཀྱི་དུས་ཡུན་ནང་ལུ་གུའི་བརྒྱུད་ལྟར་བརྩམས་ཆོས་གསར་པ་ཁག་ཅིག་བརྙན་འགྲེམ་བྱས། པདྨ་ཚེ་བརྟན་གྱིས་བོད་བརྙན་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་། ཧ་ཅང་གི་སྤྱང་གྲུང་ལྡན་པའི་གདམ་གསེས་ཤིག་བྱས་ཡོད། ཁོས་བོད་བརྙན་གྱི་མ་འོངས་ལས་དབང་དེ། ཞིབ་བཤེར་བཙན་པོ་དང་འགྱུར་བག་རྒོད་པོའི་རྒྱ་ནག་གི་གློག་བརྙན་ཁོར་ཡུག་གཅིག་བུའི་ནང་མིན་པར། དེ་ལས་ཁོད་ཡངས་བའི་གསོན་གནས་ཀྱི་གཤིན་ས་ཤིག་འཚོལ་ཐབས་བྱས་པ་དང་། དེའི་དམིགས་འབེན་གཙོ་བོ་ཡང་། རང་དབང་དང་སྒྱུ་རྩལ་ལ་ཆེ་མཐོང་སྤྲོད་པའི་ཧོང་ཀོང་དང་ཐེ་ཝན་སོགས། ‘‘ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་’’ཀྱི་ལམ་ལུགས་ལས་བརྒལ་བའི་རྒྱའི་སྐད་ཡིག་རིག་གཞུང་གི་བརྙན་རིས་འཇིག་རྟེན་དང་། རྒྱལ་སྤྱིའི་ཡུམ་སྐད་གློག་བརྙན་གྱི་རིན་ཐང་ལ་བརྩི་འཇོག་དང་། དེའི་ཆག་འཇིག་ལ་དོ་འཁུར་ཆེ་བའི་འཇར་པན་དང་། ཀོ་རི་ཡ་གཙོས་པའི་ཨེ་ཤ་ཡ་དང་། ཨེ་ཊ་ལི། འཇར་མན། ཁ་ན་ཊ་སོགས་ཀྱིས་མཚོན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གློག་བརྙན་དུས་སྟོན་ལ་གཏད་པ་དེ་ཡིན།

པདྨ་ཚེ་བརྟན་གྱིས་བོད་སྐད་རང་གི་གློག་བརྙན་གྱི་བླ་སྲོག་ཏུ་བཟུང་ནས། སྲོལ་རྒྱུན་དང་དེང་རབས་བར་གྱི་འགྱུར་ལྡོག་དང་གདོང་ཐུག་ཁྲོད། འབྲོག་པ་ཞིག་གིས་དེང་རབས་ཀྱི་ངོ་རྟགས་ཐོབ་ཐང་འཚོལ་བའི་ལམ་བར་ནས། རང་གི་རིག་གཞུང་གི་མི་གཤིས་གཙང་མ་བརླག་པའི་ལུག་རྫི་« ཐར་ལོ་ » དང་། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་བཀག་རྒྱ་དང་བོད་ཀྱི་སྐྱེ་འཆིའི་རྣམ་གཞག་གི་སྲོན་རྒྱུན་བསམ་བློའི་བར་ནས། རྩྭ་ཐང་གི་འབྲོག་མོ་དཀྱུས་མ་ཞིག་ལ་བུ་སྐྱེས་རང་དབང་གི་འདེམས་ག་བཀག་པའི་« དབུགས་ལྒང་། » དཀར་དམར། རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་དང་སྐྱེས་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དང་། བོད་མིའི་ཆོས་ལུགས་དད་མོས་དང་འབྱུང་ཁམས་ངོས་འཛིན་གྱི་སྲོལ་ལུགས་བར་ནས། དབང་ཆ་དང་འཚོ་གནས་ཁ་གཏད་དུ་ལངས་པའི་« གསའ་ » ཡི་གནས་སྟངས་སོགས། བརྗོད་བྱའི་ནང་དོན་གཏིང་ཟབ་ཅིང་བསམ་གཞིག་གི་ཁོད་རྒྱ་ཡངས་པའི་གཏམ་རྒྱུད་དག བོད་ཀྱི་ལོ་རྒྱུས་དང་སྲིད་དོན་བདག་དབང་གི་གནས་བབ་སོགས་རྒྱལ་སྤྱིའི་མཐོ་རིམ་གླེང་གཞི་ལས་མར་བབ་ནས། ལོ་རབས་བརྒྱད་ཅུ་དང་དགུ་བཅུ་བའི་བོད་ནང་གི་དེང་རབས་ཅན་གྱི་འགྱུར་འགྲོས་རྒོད་པའི་ལོ་ཟླའི་ནང་དྲུད་ཡོང་བ་མ་ཟད། མཚར་འཛིན་དང་འཆར་ཡན། སྒྱུ་འཕྲུལ་དང་ལྐོག་གྱུར། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་ཀྱི་‘‘སྤྱི་མཚན་’’དུ་གྱུར་བའི་སྣང་བརྙན་གངས་རི་དང་། དར་ལྕོག པོ་ཏཱ་ལ་ལྟ་བུ་བསམ་བཞིན་བརྙན་ངོ་ནས་དོར་ཏེ། དེང་རབས་ཅན་གྱི་མཚན་གཞི་དང་མང་ཚོགས་ཕལ་བའི་ཉིན་རེའི་འཚོ་གནས་སུ་གྱུར་བའི་རྩྭ་ཐང་དང་། རྫོང་མཁར། དགོན་པ། སྐྲ་བཞར་ཁང་། ཉེན་རྟོག་ལས་ཁུངས་སོགས་སྤྱི་ཚོགས་ཁོར་ཡུག་ནང་། ལུག་རྫི་དང་། འབྲོག་མོ། ལག་དམར། གྲྭ་བ་སོགས་མི་བུ་ཕལ་བའི་དཀའ་ཁག་རྣམས། དོས་སྐྱེལ་རླངས་འཁོར་དང་འཕྲུལ་རྟ། བརྙན་འཕྲིན་འཕྲུལ་ཆས། སྦྲུམ་འགོག་འགྱིག་ཤུབས་སོགས། རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་སྤྱོད་དངོས་སྤྱིར་བཏང་བ་བརྒྱུད་ནས་མངོན་ཐབས་བྱས་པའི་བརྩམས་ཆོས་དག་ལ། བོད་མི་ཚོས་བལྟས་ན་རང་གི་གཏམ་རྒྱུད་ཡིན་སྣང་སྟེར་ཞིང་། མི་རིགས་གཞན་པའམ་ཕྱི་རྒྱལ་བ་ཚོར་མཚོན་ན། སྐད་ཡིག་གཞན་པ་ཞིག་གི་ལམ་ནས། མིའི་རིགས་ཐུན་མོང་གི་དཀའ་ངལ་ལ་ཐུག་རེག་ཐུབ་པའི་ཚོར་འདུ་སྤྲོད་པ་སོགས། གློག་བརྙན་སྐད་བརྡའི་ཁྱད་ཆོས་དང་། མཛེས་དཔྱོད་ཐབས་རྩལ། འཚོལ་ཞིབ་བསམ་གཞིག མི་ཆོས་རིང་ལུགས་སོགས་ཕྱོགས་ངོས་གང་ནས་བལྟས་ཀྱང་། རྒྱལ་སྤྱིའི་དུས་སྟོན་ཁག་གིས་ཆེས་གཙིགས་ཆེར་འཛིན་པའི་རིན་ཐང་ལྟ་ཚུལ་དང་གཅིག་མཐུན་བྱུང་བ་དེས། ཁོང་གི་གློག་བརྙན་བརྩམས་ཆོས་རྣམས་རིམ་བཞིན་ཊོར་ཁེའུ་(Tokyo) དང་། བྷོ་ཟན། (Busan) ཝེ་ནི་སི། (Venice) ལཱོ་ཁར་ནོ། (Locarno) ཊོར་རོན་ཌོ་(Toronto) སོགས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་གྲས་ཁག་ནང་ཚུད་ཅིང་། རིགས་ཚན་འདྲ་མིན་ནང་ཆེ་བསྟོད་གཟེངས་རྟགས་གང་མང་ཐོབ། ཁོང་གི་བོད་བརྙན་ལ་རྒྱ་ནག་གི་ཁོར་ཡུག་ལས་བརྒལ་བའི་གསོན་གནས་དང་། འཕེལ་རྒྱས་ཀྱི་གཤིན་ས་འཚོལ་ཐབསས་ཀྱི་འབད་བརྩོན་ལེགས་གྲུབ་བྱུང་ཡོད།

གློག་བརྙན་« ཐར་ལོ་ » ཕྱི་ལོ་༢༠༡༥་ལོའི་ཝེ་ནི་སིའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐེངས་༧༢་བའི་འདེམས་ཐོན་བརྙན་འགྲེམ་ནང་ཚུད་ཅིང་། ལོ་དེའི་ཐེ་ཝན་གསེར་གྱི་རྟ་མཆོག་(金马奖) བརྙན་འགྲེན་དུས་སྟོན་ཐེངས་༥༢་ཐོག འཁྲབ་གཞུང་བཅོས་སྒྲིག་རྩེ་ཕུད་ཀྱི་གསེར་གྱི་གཟེངས་རྟགས་ཐོབ་པ་མ་ཟད། གཏམ་རྒྱུད་རྩེ་ཕུད་དང་། བརྙན་ཕབ་རྩེ་ཕུད། འཁྲབ་འཁྲིད་པ་རྩེ་ཕུད་བཅས་ཀྱི་མིང་འདོན་ནང་ཚུད། གློག་བརྙན་« ལག་དམར་ » ལ་ཕྱི་ལོ་༢༠༡༨ལོའི་ཝེ་ནི་སའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐེངས་༧༥་བའི་སྟེང་འཁྲབ་གཞུང་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་ཡོད་ཅིང་། གློག་བརྙན་« དབུགས་ལྒང་» ཕྱི་ལོ་༢༠༡༩་ལོའི་ཝེ་ནི་སིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༧༦་སྟེང་གིི་འདེམས་ཐོན་བརྙན་འགྲེམ་ནང་ཚུད་པ་དེས། པདྨ་ཚེ་བརྟན་ལ་རྒྱལ་སྤྱིའི་དུས་སྟོན་དེར་ཐེངས་གསུམ་འདེམས་ཐོན་འཛུལ་ཞུགས་ཐུབ་པའི་བོད་ཀྱི་འཁྲབ་འཁྲིད་པ་ཐོག་མའི་མཚན་སྙན་ཐོབ་ཅིང་། ཁོང་གི་གློག་བརྙན་བརྩམས་ཆོས་དེ་ད་དུང་ཊོར་རོན་ཌོ་དང་། བྷོ་ཟན། ཊོར་ཁེའུ་སོགས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་༦༠་ལྷག་གི་ནང་ཚུད་ནས་གློག་བརྙན་རྩེ་ཕུད་དང་། འཁྲབ་གཞུང་རྩེ་ཕུད། འཁྲབ་འཁྲིད་པ་རྩེ་ཕུད་སོགས་གསེར་གྱི་གཟེངས་རྟགས་གང་མང་ཐོབ་ཡོད། ཁོང་གི་ཤུལ་བཞག་བརྩམས་ཆོས་« གསའ་ » ཝེ་ནི་སི་དང་ཊོར་ཁེའུ། ཊོར་རོན་ཌོ་སོགས་དུས་གཅིག་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེས་གྲས་གསུམ་ནང་ཚུད་ཅིང་། ད་བར་ཁོང་གི་གློག་བརྙན་བརྩམས་ཆོས་ཁག་བདུན་པོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་མི་འདྲ་བ་ཁག་༡༠༠ ལྷག་གི་ནང་བརྙན་འགྲེམ་འཛུལ་ཞུགས་བྱས་པ་མ་ཟད། རིགས་ཚན་འདྲ་མིན་ནང་གཟེངས་རྟགས་༤༠་ལས་བརྒལ་བ་ཐོབ་ཡོད། དེར་བརྟེན། ཡོངས་གྲགས་སུ་པདྨ་ཆེ་བརྟན་ལ་ཝེ་ནི་སའི་‘‘རྒྱུན་བཞུགས་མགྲོན་པོ་’’དང་། རྒྱལ་སྤྱིའི་གློག་བརྙན་དུ་དུས་སྟོན་ཐོག་གི་‘‘བོད་ཀྱི་གཅེས་ཕྲུག་’’ཏུ་འབོད་ཅིང་། འདི་ལྟ་བུའི་རྒྱལ་སྤྱིའི་གདེང་འཇོག་ཐོབ་པའི་དོན་སྙིང་ནི། ཁོང་གི་མི་སྒེར་གྱི་ཆེ་མཐོང་ལས་བརྒལ་ནས། བོད་ཀྱི་གློག་བརྙན་གྱི་ངོས་འཛིན་ཐོབ་ཐང་དེ། འཛམ་གླིང་ལོ་རྒྱུས་དེབ་ཐེར་ནང་འགོད་ཐུབ་པ་དེ་ཡིན། གལ་སྲིད་ང་ཚོས་འཛམ་གླིང་གི་གློག་བརྙན་དེ་སྣུམ་ཚོན་རི་མོའི་འགྲེམ་སྟོན་ཁང་ཆེན་ཞིག་ཏུ་དཔེ་བླངས་ཚེ། ཧོ་ལེ་ཝོག་ཊི་གློག་བརྙན་ནི་འགྲེམ་སྟོན་ཁང་གི་ཚོམས་ཆེན་དེ་ཞིང་། བོད་ཀྱི་གློག་བརྙན་ནི་འགྲེམ་སྟོན་ཁང་གི་བར་ཁྱམས་ནང་། གནས་སྐབས་འགྲེམ་སྟོན་ཆེད་བཀལ་བའི་ཕྱོགས་བཏུས་ཀྱི་རི་མོ་ཁ་ཐོར་བ་དེ་མིན་པར། འཛམ་གླིང་བརྩམས་ཆོས་གློག་བརྙན་ལ་དབང་བའི་རང་དབང་གི་ཚོམས་ཁང་ནང་། རང་ཉིད་ལ་གཏན་འཇགས་ཀྱི་རྩིག་ངོས་ཡོད་པའི་ནང་རྟེན་གཙོ་བོའི་གྲས་དང་། པདྨ་ཚེ་བརྟན་ནི་བརྩམས་ཆོས་ངོ་སྤྲོད་གཤམ་མཆན་ནང་གི་མིང་ཡིག་དང་བོ་དེ་ཡིན་པའི་ངོས་འཛིན་བྱས་ཆོག

ཕྱི་ལོ་༢༠༡༥་ནས་༢༠༡༩་ལོ་ནི་པདྨ་ཚེ་བརྟན་གྱི་གློག་བརྙན་ལས་རིགས་ལ་མཚོན་ན། གྲུབ་འབྲས་ཧ་ཅང་གི་གཡུར་དུ་ཟ་བའི་དུས་སྐབས་ཤིག་དང་། ཁོང་གི་གློག་བརྙན་བརྩམས་ཆོས་« ཐར་ལོ་» དང་། « ལག་དམར། » « དབུགས་ལྒང་ » བཅས་ལ་རྒྱལ་སྤྱིའི་རིམ་པའི་ཚད་མཐོའི་གཟེངས་རྟགས་གང་མང་ཐོབ་པ་དེས། ཁོང་གི་མཚན་སྙན་ཡང་རྒྱལ་སྤྱིའི་སྡིངས་ཆ་བརྒྱུད་ནས་ཕྱིར་རྒྱ་ནག་ཏུ་ཁྱབ་ཅིང་། འཛམ་གླིང་གི་བརྙན་རིས་འཇིག་རྟེན་ནང་དང་། ལྷག་པར་དུ། རྒྱལ་སྤྱིའི་གསར་ལམ་དང་ཞིབ་འཇུག་ཁྱབ་ཁོངས་སུ། པདྨ་ཚེ་བརྟན་ནི་བོད་སྐད་ཀྱི་ལམ་ནས་གཏམ་རྒྱུད་བརྙན་རིང་བཟོ་མཁན་ཐོག་མ་དང་། བོད་ཀྱི་གློག་བརྙན་ལ་རང་སྐྱ་འཕེར་བའི་རིགས་ཚན་གསར་གཏོད་པ། བོད་ཀྱི་སྒྱུ་རྩལ་ཡིག་ངོས་ནས་བརྙན་ཡོལ་སྟེང་འདྲེན་མཁན་གྱི་སྲོལ་འབྱེད་པར་ཡོངས་ཁྱབ་ངོས་འཛིན་ཐོབ་པ་དེས། མི་རབས་བདུན་པའི་རྒྱ་ནག་གི་འཁྲབ་འཁྲིད་པའི་དབྱིབས་གཟུགས་གྲུབ་པའི་ཚབ་ཏུ། ཕྱིས་སུ་རྒྱ་ནག་གི་གློག་བརྙན་ཁོར་ཡུག་ནང་དུའང་། འཁོར་རྒྱུགས་ཆེ་བའི་‘‘བོད་ཀྱི་རླབས་རྒྱུན་གསར་པའི་གློག་བརྙན་’’གྱི་མཐོ་རླབས་དེ་འཕྱུར་ཏུ་བཅུག་ཡོད་ལ། རྒྱ་སྐད་གཙོ་རྒྱུགས་སྐད་ཡིག་ཡིན་པའི་རྒྱ་ནག་གི་གློག་བརྙན་དང་། རྒྱལ་སྤྱིའི་རྒྱའི་སྐད་ཡིག་གི་གློག་བརྙན་ཁྱབ་ཁོངས་སུ་‘‘བོད་ཀྱི་ཡུམ་སྐད་གློག་བརྙན་’’གྱི་རིགས་དབྱེ་སྡེ་ཚན་ཞིག་གསར་དུ་བསྣན་ནས། དེ་སྔ་‘‘ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་’’ཀྱི་ལམ་ལུགས་འོག་གི་‘‘གྲངས་ཉུང་མི་རིགས་གློག་བརྙན་’’གྱི་ཁྱབ་ཁོངས་ངོས་འཛིན་གྱི་ས་མཚམས་དེ་གཏོར་བ་མ་ཟད། རྒྱ་རིགས་ཚོས་འཁྲབ་འཁྲིད་དང་བོད་མིས་འཁྲབ་སྟོན་བྱེད་པའི་རྒྱ་ནག་ནང་གི་གློག་བརྙན་སྲོལ་རྒྱུན་ལས་བརྒལ་ཏེ། པདྨ་ཚེ་བརྟན་གྱིས་བོད་ཡིག་གི་འཁྲབ་གཞུང་དང་། བོད་རིགས་འཁྲབ་སྟོན་པ། བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་གློག་བརྙན་བཟོ་སྐྲུན་རུ་ཁག་སྟེ། གློག་བརྙན་ལས་རིགས་ཁྲོད་ཀྱི་‘‘གཙོ་ཤུགས་བདག་དབང་’’དུ་གྲགས་པའི་མ་ལག་གསར་འཛུགས་བྱས་པར་ངོས་ལེན་གྱིས། རིམ་བཞིན་རྒྱ་ནག་གི་གསེར་བྱ་(金鸡奖)དང་། ཐེ་ཝན་གྱི་གསེར་གྱི་རྟ་མཆོག ཧེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་(海南岛国际电影节)བཅས་ཀྱི་སྟེང་། བོད་སྐད་གློག་བརྙན་གྱི་འཁྲབ་འཁྲིད་པ་རྩེ་ཕུད་དང་། གློག་བརྙན་རྩེ་ཕུད་སོགས་ཀྱི་རིགས་ཚན་གཟེངས་རྟགས་ཀྱང་སྤྲོད་མགོ་བཙུགས་ཡོད།

པདྨ་ཚེ་བརྟན་གྱི་བོད་བརྙན་གསར་གཏོད་ཀྱི་འབད་བརྩོན་ལེགས་གྲུབ་བྱུང་ཞིང་། རྒྱལ་སྤྱི་དང་རྒྱ་ནག་ནང་ཚད་མཐོའི་གདེང་འཇོག་ངོས་འཛིན་ཐོབ་པ་ནི། དུས་རབས་འདིའི་བོད་མི་རིགས་ལ་མཚོན་ན་ལ་རྒྱ་དང་སྤོབས་པའི་དོན་སྙིང་ཙམ་མིན་པར། བག་ལ་ཞ་བའི་བོད་མིའི་དེང་རབས་སྒྱུ་རྩལ་དང་རིག་གནས་གསར་དར་གྱི་བསམ་བློའི་སད་རྟོགས་དང་། སྐུལ་སློང་། སྣེ་ཁྲིད་ཅིག་ཏུ་གྱུར་ཡོད་ལ། བོད་མི་གཞོན་སྐྱེས་ཚོར་བོད་ཀྱི་གློག་བརྙན་ལས་རིགས་ཐད་ཀྱི་རྨི་ལམ་མངོན་འགྱུར་བྱེད་པའི་ལམ་སྟོན་གྱི་སྒྲོན་མེ་རུ་གྱུར་ཡོད།

པདྨ་ཚེ་བརྟན་རང་ཉིད་ཀྱིས་ཀྱང་། བོད་ཀྱི་གློག་བརྙན་གྱི་མི་རབས་གསར་པ་སྐྱེད་བསྲིང་བྱེད་པའི་བརྒྱུད་རིམ་ཁྲོད། ཐོག་མཐའ་བར་གསུམ་དུ་མཛའ་གྲོགས་དང་། སློབ་གྲོགས། ལས་གྲོགས་ཤིག་གི་རྣམ་པའི་སྟེང་མངོན་ཞིང་། རུ་འདྲེན་དང་། དགེ་རྒན། ཕ་རྒན་ཞིག་གི་ངོ་བོའི་ཐོག་ནས་ཚང་མའི་མཐོང་ལམ་དུ་ཐོན་ཡོད། ཁོས་ཕྱི་ལོ་༡༩༨༠་ནང་ནས་བཟུང་རང་གི་གློག་བརྙན་སྐོར་གྱི་རྨི་ལམ་དེ། སྐབས་དེའི་རྩོམ་རིག་སྙུག་གྲོགས་ཟོན་ཐར་རྒྱལ་ལ་བཤད་ཅིང་། ཁོང་དང་ལྷན་དུ་གློག་བརྙན་བཟོ་སྐྲུན་ལ་ཞུགས་པའི་སྐུལ་མ་བཏང་བ་མ་ཟད། པེ་ཅིན་དུ་གློག་བརྙན་སློབ་སྦྱོང་དང་རི་མོ་དགེ་རྒན་ཡིན་པའི་ཁོང་གིས་བརྙན་ཕབ་ལས་རིགས་ལ་ཆེད་སྦྱོང་བྱེད་པའི་རེ་འདུན་བཏོན། « ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་»ལ་བལྟས་རྗེས་ཡིད་སེམས་བཀུགས་ཅིང་། གློག་བརྙན་ལས་རིགས་ལ་དགའ་ཞེན་དང་། བོད་བརྙན་བཟོ་བར་རེ་བ་ཆེ་བའི་གཞོན་ནུ་ལྷ་དཔལ་རྒྱལ་གྱིས་ཀྱང་། པདྨ་ཚེ་བརྟན་གྱི་སློབ་སྟོན་ལྟར་པེ་ཅིན་ནས་གློག་བརྙན་འཁྲབ་འཁྲིད་ལས་རིགས་ལ་སློབ་སྦྱོང་བྱས། རྗེས་སུ་ཟོན་ཐར་རྒྱལ་གྱིས་པདྨ་ཚེ་བརྟན་དང་ལྷན་དུ་གློག་བརྙན་« ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་»གྱི་མཛེས་རིག་མཛུབ་སྟོན་པའི་འགན་འཁུར་ཞིང་། གློག་བརྙན་«འཚོལ་ »དང་« ཁྱི་རྒན་ »གཉིས་ཀྱི་མཛེས་རིག་མཛུབ་སྟོན་དང་བརྙན་ཕབ་པའི་འགན་གཅིག་ལྕོག་ཏུ་འཁུར། ལྷ་དཔལ་རྒྱལ་གྱིས་གློག་བརྙན་« ཐར་ལོའི་ » ལག་བསྟར་འཁྲབ་འཁྲིད་པ་དང་། པདྨ་ཚེ་བརྟན་གྱི་དུས་ཕྱིའི་བརྩམས་ཆོས་ཁག་གི་ནང་འཁྲབ་འཁྲིད་པ་གཞོན་པ་དང་། ཡིག་སྒྱུར་བ། འཁྲབ་སྟོན་པའི་མཛུབ་སྟོན་དགེ་རྒན་སོགས་ལས་རིགས་སྣ་མང་ཐོག་འགན་འཁུར་བླངས། རིམ་གྱིས་ཁོ་གཉིས་པདྨ་ཚེ་བརྟན་གྱི་སློབ་རྭ་གཅིག་གི་སློབ་གྲོགས་དང་རུ་ཁག་གཅིག་གི་ལས་རོགས་ནས་། རང་གི་བརྩམས་ཆོས་ཡོད་པའི་གློག་བརྙན་འཁྲབ་འཁྲིད་པར་གྱུར། ཟོན་ཐར་རྒྱལ་གྱིས་ཕྱི་ལོ་༢༠༡༡་ལོར་རང་གི་བརྩམས་ཆོས་ཐོག་མ་« དབུས་ལམ་གྱི་ཉི་མ་ »བརྙན་འགྲེམ་བྱས་ཤིང་། ཕྱི་ལོ་༢༠༢༡ ལོའི་བར་དུ་« གཙང་བོ་ »དང་« ངའི་ཆང་གསོལ་རོགས། » « ལྷ་མོ་དང་སྐལ་བྷེ་» སོགས། དུས་ཡུན་ཐུང་ཐུང་ཞིག་གི་ནང་ཕུལ་བྱུང་བརྩམས་ཆོས་གསུམ་ཕབ་སྐྲུན་བརྙན་འགྲེམ་བྱས་ཡོད་ལ། ལྷ་དཔལ་རྒྱལ་གྱིས་ཀྱང་ཕྱི་ལོ་༢༠༡༨ལོར་བརྩམས་ཆོས་ཐོག་མ་« ཆུ་ལྷམ་ཆུང་ཆུང་ » ཕབ་སྐྲུན་བྱས་ཤིང་། གློག་བརྙན་དེ་སྦེར་ལིན་(Berlin)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་ཚུད་པའི་བོད་བརྙན་ཐོག་མ་རུ་གྱུར་ཡོད།

ཟོན་ཐར་རྒྱལ་དང་ལྷ་དཔལ་རྒྱལ་གཉིས་ལས་གཞན། དེང་བོད་ཀྱི་གློག་བརྙན་གྱི་མི་རབས་གཉིས་པར་གྲགས་པའི་གདུགས་དཀར་ཚེ་རིང་དང་། བསྟན་འཛིན་དར་རྒྱས། ཁོང་གི་བུ་འཇིགས་མེད་འཕྲིན་ལས་སོགས། པདྨ་ཚེ་བརྟན་གྱིས་རུ་འདྲེན་དང་དགེ་རྒན། ཕ་རྒན་གྱི་ངོ་བའི་ཐོག་སྐྱེད་བསྲིང་བྱས་པའི་རྗེས་འཛིན་པ་གང་མང་བྱུང་ཡོད། གཞས་པ་དང་རོལ་མོ་བའི་རྒྱབ་ལྗོངས་ཡོད་པའི་གདུགས་དཀར་ཚེ་རིང་གིས་པེ་ཅིན་ནས་གློག་བརྙན་ཆེད་སྦྱོང་གྲུབ་རྗེས། པདྨ་ཚེ་བརྟན་གྱི་གློག་བརྙན་རུ་ཁག་ནང་« ཁྱི་རྒན་ »དང་« གཡང་མདའི་ »སྒྲ་ལེན་པ་དང་མཚམས་སྦྱོར་རོལ་དབྱངས་རྩོམ་མཁན་དང་། བསྟན་འཛིན་དར་རྒྱས་ཀྱི་གློག་བརྙན་« གསའ་» ཡི་ནང་གཙོ་འཁྲབ་པ། འཇིགས་མེད་འཕྲིན་ལས་ཀྱིས་འཁྲབ་འཁྲིད་པ་གཞོན་པའི་རྐང་འགན་འཁུར་མྱོང་ཞིང་། ད་ལྟ་ཁོང་ཚོ་གསུམ་ཀ་རང་གི་བརྩམས་ཆོས་ཡོད་པའི་གློག་བརྙན་འཁྲབ་འཁྲིད་པར་གྱུར་བ་མ་ཟད་། རྒྱ་ནག་དང་རྒྱལ་སྤྱིའི་བརྙན་འགྲེམ་དུས་སྟོན་ནང་ཆེས་བསྟོད་དང་གཟེངས་རྟགས་ཀྱང་ཐོབ་ཡོད། ཉེ་ཆར་བོད་ནང་གསར་དུ་བརྙན་འགྲེམ་བྱེད་བཞིན་པའི་བུད་མེད་འཁྲབ་འཁྲིད་པ་གངས་སྒྲོན་ལགས་ཀྱི་གློག་བརྙན་« དབྱར་གྱི་ནམ་ཟླའི་ »བརྙན་མཇུག་གི་ཐུགས་རྗེ་ཆེ་ཞུ་ལྟར། ཕྱི་ལོ་༢༠༢༣་ལོར་ཁོང་འདས་གྲོངས་སུ་མ་གྱུར་བའི་བར་དུ། པདྨ་ཚེ་བརྟན་གྱིས་གཞན་གྱི་གློག་བརྙན་བརྩམས་ཆོས་༢༥་ལྷག་གི་བཟོ་སྐྲུན་བརྙན་འགྲེམ་ནང་ལྟ་སྐུལ་བའི་ཐུགས་འགན་བཞེས་པའི་ཁྲོད། མང་ཤོས་བོད་རིགས་ན་གཞོན་འཁྲབ་འཁྲིད་པའི་གློག་བརྙན་བརྩམས་ཆོས་ཡིན་ཞིང་། ལྷག་པར་དུ་བོད་ཀྱི་གློག་བརྙན་གྱི་ཕྱི་རབས་པ་དེ་དག་ལ་མཚོན་ན། པདྨ་ཚེ་བརྟན་གྱི་འབད་བརྩོན་ལེགས་གྲུབ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ནི། ཁོ་ཚོའི་བོད་བརྙན་གསར་པའི་བརྩམས་ཆོས་ཁག་ཕབ་སྐྲུན་འགྲེམ་སྤེལ་ཐད་ཀྱི་མ་དངུལ་འཚོལ་སྒྲུབ་དང་། རྒྱ་ནག་དང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་བརྙན་འགྲེམ་རིགས་ཚན་ཁག་ནང་ཚུད་པར། མཉམ་འབྲེལ་དང་གོ་སྒྲིག་བྱེད་མཁན་གྱི་ཕ་རོལ་བའི་ཡིད་ཆེས་རྙེད་ཡུལ་གྱི་རྒྱབ་རི་ལྟ་བུ་གྱུར་ཡོད། གལ་སྲིད་ང་ཚོས་བོད་ཀྱི་གློག་བརྙན་མི་རབས་ཀྱི་རྒྱབ་ལྗོངས་དང་འབྲེལ་གྲུབ་ལ་ཞིབ་བལྟས་ཤིག་བྱས་ཚེ། རང་རེའི་དགོན་པ་དང་ཁྱིམ་ཚང་ནང་བཤམས་ཡོད་པའི་ལྷ་སྐུའི་ཞིང་བཀོད་མཛེས་རིས་སྟེ། པདྨ་ཚེ་བརྟན་གཙོ་སྐུ་ཡིན་པའི་‘‘བླ་མཆོད་ཚོགས་ཞིང་’’སྐུ་ཐང་ཞིག་གི་སྣང་བརྙན་དུ་གྲུབ་པ་དེ་ཡིན།

ཕྱི་ལོ་༢༠༢༣་ལོའི་ཕྱི་ཟླ་ལྔ་བའི་ཚེས་༨་ཉིན། པདྨ་ཚེ་བརྟན་གློ་བུར་འདས་གྲོངས་སུ་སོང་རྗེས། ཝེ་ནི་སི་དང་ཊོར་ཁེའུ། ཊོར་རོན་ཌོ། ཝན་ཁོ་ཝར་སོགས་ཁོང་གི་གློག་བརྙན་ལ་ལས་ཀྱི་འབྲེལ་བ་ཟབ་པའི་འཛམ་གླིང་གི་གྲོང་ཁྱེར་དུ་མའི་ནང་དུ། དུས་ཡུན་ལོ་གཅིག་རིང་ཁོང་ལ་རྗེས་དྲན་གྱི་བརྩམས་ཆོས་བརྙན་འགྲེམ་གྱི་བྱེད་སྒོ་སྤེལ་ཞིང་། དེར་མཐུད་ནས་རྒྱལ་སྤྱིའི་ཞིབ་འཇུག་རིག་པའི་ཁྱབ་ཁོངས་ནས། ཁོང་དང་འབྲེལ་བའི་ཚ་རླབསས་གསར་པ་ཞིག་འཕྱུར་མགོ་ཚུགས་ཡོད། དེ་སྔ་པདྨ་ཚེ་བརྟན་གདན་འདྲེན་གྱིས་ཁོང་གི་བརྩམས་ཆོས་བརྙན་འགྲེམ་དང་བགྲོ་གླེང་གོ་སྒྲིག་བྱས་མྱོང་བའི་ཨ་རིའི་ཨིན་ཊི་ཡ་ན་གཙུག་ལག་སློབ་ཆེན་གྱིས། སློབ་ཆེན་དེའི་ཤར་ཨེ་ཤ་ཡའི་སློབ་གླིང་དང་། གློག་བརྙན་སློབ་གླིང་། ཤར་ཨེ་ཤ་ཡའི་དཔེ་མཛོད་སྡེ་ཚན་དང་མཉམ་འབྲེལ་ཐོག པདྨ་མ་ཚེ་བརྟན་དང་བོད་ཀྱི་གློག་བརྙན་གསར་པ་ཞེས་པའི་གླེང་སྟེགས་བསྐྲུན་ནས། པདྨ་ཚེ་བརྟན་གྱི་གློག་བརྙན་དང་དེས་བོད་ཀྱི་གློག་བརྙན་གསར་པའི་མི་རབས་ལ་བཞག་པའི་ཤུགས་རྐྱེན་ཞིབ་འཇུག་ཁ་ཕྱོགས་ཤིག་ལ་ངོས་འཛིན་གཏན་འབེབས་བྱས་ཤིང་། འཛམ་གླིང་ནང་སྙན་གྲགས་ཆེ་བའི་སི་མཱེ་རིན་སོ་ནི་ཡན་(Smithsonian Institution) འགྲེམ་སྟོན་ཁང་གིས་ལོ་ལྟར་གོ་སྒྲིག་བྱེད་བཞིན་པའི་རྒྱལ་སྤྱིའི་ཡུམ་སྐད་གློག་བརྙན་དུས་སྟོན་ཐོག བོད་སྐད་གློག་བརྙན་ནི་འཇིག་ཉེན་གྱི་གནས་སུ་ལྷུང་བའི་སྐད་ཡིག་གློག་བརྙན་གྱི་གལ་ཆེའི་གྲུབ་ཆ་དང་། བོད་ཀྱི་གློག་བརྙན་ནི་མིའི་རིགས་སྐད་བརྡ་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་གཏན་འབེབས་བྱས་པ་མ་ཟད། དབྱིན་ཇིའི་ལོན་ཌོན་སློབ་ཆེན་གྱི་ཨེ་ཤ་ཡ་དང་ཨ་ཧྥུ་རི་ཀའི་སློབ་གླིང་དང་། སློབ་གླིང་དེའི་བོད་རིག་པའི་སྡེ་ཚན་གྱིས་གློག་བརྙན་« ཐར་ལོ་ »དང་ « ལག་དམར་ »གཉིས། ཝེ་ནི་སའི་བརྙན་འགྲེམ་དུས་སྟོན་སྟེང་གི་ཚབ་མཚོན་བརྩམས་ཆོས་སུ་འདེམས་ནས་ཞིབ་འཇུག་སློབ་ཚན་དུ་བཅུགས་ཤིང་། བོད་ཀྱི་རླབས་རྒྱུན་གསར་པའི་གློག་བརྙན་དང་རྒྱ་ནག་གི་མི་རབས་དྲུག་པའི་གློག་བརྙན་འཁྲབ་འཁྲིད་པ་གཉིས་བར་གྱི་ཕན་ཚུན་ཞིབ་བསྡུར་ཞིབ་འཇུག་ཁྱབ་ཁོངས་སུ་བཅུགས་པ་སོགས་ཀྱིས། དེང་པདྨ་ཚེ་བརྟན་དང་ཁོང་གི་གློག་བརྙན་ནི་བརྗོད་གཞི་ཁ་ཐོར་བའི་བརྙན་དཔྱད་འབྲི་བའི་ས་མཚམས་ལས་བརྒལ་ཏེ། རྒྱལ་སྤྱིའི་ཞིབ་འཇུག་རིག་པའི་ཁྱབ་ཁོངས་ཀྱི་རིག་སྒོ་གསར་པ་ཞིག་ཏུ་གྲུབ་མ་ཟད་། ལོ་ལྟར་ཨ་རིའི་ཧཱ་ཝར་དང་ནེའུ་ཡོར། ཨིན་ཊི་ཡ་ན། ཀོ་ལིམ་པུ་ཡ་སོགས་དང་། ཡུ་རོབ་ཀྱི་ལོན་ཌོན་གཙུག་ལག་སློབ་ཆེན་སོགས། རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་དང་ཞིབ་འཇུག་སྡེ་ཚན་ཁག་ནས་ཞིབ་འཇུག་ཆེད་རྩོམ་གང་མང་ཐོན་དང་ཐོན་བཞིན་ཡོད།

ཕྱི་ལོ་༢༠༢༥་ལོར། འཛམ་གླིང་གི་« གློག་བརྙན་མི་སྣ། / Portrait de cinéaste » དུས་དེབ་ཀྱིས་རྒྱུན་སྲོལ་ངོ་སྤྲོད་ཆེད་དེབ་དེ་པདྨ་ཚེ་བརྟན་རྗེས་དྲན་ཆེད་བཏོན་ཞིང་། དབྱིན་ཡིག་དང་ཧྥ་ཡིག་སོགས་སྐད་ཡིག་དུ་མའི་ནང་ཡོད་པའི་དུས་དེབ་དེའི་རྒྱ་ཡིག་གི་དཔར་གཞི་ཐེ་ཝན་ནས་རྩོམ་སྒྲིག་དཔར་བསྐྲུན་བྱས་ཡོད། ཆེད་དེབ་ཀྱི་བཅར་འདྲིའི་སྡེ་ཚན་ནང་། པདྨ་ཚེ་བརྟན་གྱི་བརྩམས་ཆོས་དང་བརྙན་ཕབ་ཐབས་ལམ། དམིགས་བསལ་རྩ་ཆེའི་ཤུལ་བཞག་གང་ཡིན་འདྲི་སྐབས། ཁོང་གི་གྲོགས་པོ་ཟོན་ཐར་རྒྱལ་གྱིས། ‘‘ཤུལ་བཞག་རྩ་ཆེན་པོ་རེད། ངས་འདི་ལ་ཕྱོགས་ངོས་གཉིས་ནས་བསམ་བློ་གཏོང་གི་ཡོད། དང་བོ་ནི། རྒྱ་ནག་ལ་གྲངས་ཉུང་མི་རིགས་ཧ་ཅང་མང་བོ་རེད། པདྨ་ཚེ་བརྟན་ནི་རང་གི་ཡུམ་སྐད་གྱི་ལམ་ནས་གློག་བརྙན་ཕབ་སྐྲུན་དང། བརྩམས་ཆོས་གསར་རྩོམ་བྱས་ནས། རང་གི་འབོད་སྒྲ་གཞན་ལ་གོ་བར་འཇུག་མཁན་ཐོག་མ་དེ་རེད། འདི་འཛམ་གླིང་རང་བཞིན་གྱི་ཁྱབ་ཁོངས་ནས་བལྟས་ན་གལ་ཆེན་པོ་རེད། གཉིས་པ་ནི། བོད་ཀྱི་རིག་གཞུང་ལ་མཚོན་ན། ཁོ་ནི་བོད་སྐད་གློག་བརྙན་གྱི་སྲོལ་འབྱེད་པ་རེད། བོད་ལ་གློག་བརྙན་མེད་པ་ནས་ཡོད་པར་བྱེད་མཁན་དེ་རེད། ཧ་ཅང་གི་རླབས་ཆེན་རེད་’’ཅེས་དང་། འཛམ་གླིང་གི་གྲོང་ཁྱེར་དུ་མའི་ནང་ཁོང་ལ་རྗེས་དྲན་བརྙན་འགྲེམ་བྱེད་མཁན་གྱི་གོ་སྒྲིག་པས་ཀྱང་། ‘‘ཁོས་བོད་འཛམ་གླིང་གི་བརྙན་རིས་འཇིག་རྟེན་ནང་བརྙན་ཡོལ་རིག་གཞུང་ནང་ཡང་བསྐྱར་མངོན་པ་ལ་གསར་བརྗེ་རང་བཞིན་གྱི་འགྱུར་བ་བཏང་ཡོད་’’ཅེས་བཤད་པ་ལྟར། མདོར་བསྡུས་ན། པདྨ་ཚེ་བརྟན་ནི་བོད་ལ་རང་གི་གློག་བརྙན་མེད་པ་ནས་ཡོད་པ་དང་། གློག་བརྙན་གསར་གཏོད་ཀྱི་ལམ་ནས་‘‘བོད་ངོ་མ་’’འཛམ་གླིང་གི་མཐོང་ལམ་དུ་འདྲེན་མཁན་གྱི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་ཡོད།

 

 

2026-11-01 རྡོ་གོར་མོ།
2026-10-31 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།