དྲ་མིང་། རྡོ་གོར་མོ།
སྐྱེ་ས། རྨ་ཆེན་གངས་འདབས།
སེམས་རྒྱུད་སློབ་གསོ། ཕ་མའི་འབྲོག་གཤིས་དང་སངས་རྒྱས་ཆོས་ལུགས་ཀྱི་་བླ་མེད་ལྟ་གྲུབ།
མཐའ་མའི་སློབ་སྦྱོང་བྱེད་ས། ནུབ་བྱང་མི་རིགས་སློབ་ཆེན།
ལས་དབང་། སྡུག་གི་ཁུར་བོ་ཁུར་བའི་ཡུལ་གྱར་བ།
ད་ལྟ་སྡོད་གནས། གནའ་མཁར་པ་ཝེ།
སྐྱེས་མིང་། བླ་མ་སྐྱབས།
གྲྭ་མིང་། བློ་བཟང་མཁས་མཆོག
སྐྱ་མིང་། ཟླ་བ་ཚེ་རིང་།
ཕྱི་ལོ་༡༩༧༣ ལོར་སྐྱེས་པའི་ང་རང་ཡི་གེ་བ་ཞིག་ཏུ་གྱུར་བའི་རྒྱུ་རྐྱེན་ནི། ཆུང་དུས་སློབ་ཆུང་དང་དགོན་པར་སོང་ཞིང་།གཞོན་དུས་གྲྭ་ས་དང་སློབ་གྲྭར་འགྲིམས། དར་དུས་དགེ་རྒན་དང་གསར་འགོད་པ་བྱས། རྒས་དུས་རྩོམ་སྒྲིག་པ་དང་རང་དབང་གི་རྩོམ་འབྲི་བ་ཞིག་བྱས་པའི་ཀྱག་ཀྱོག་གི་་མི་ཚེའི་བཞུད་ལམ་རིངལ་ཐུང་བ་དེས་བསྐྱེད་དོ། །
མི་སྡེའི་སྤྱི་ཚོགས་ཀྱི་ཆ་ཤས་་ཤིག་ཡིན་པའི་ཆ་ནས། ཐ་མག་དང་ཆང་རག་ལ་ངན་ལོབས་སུ་སོང་བའི་ང་ལ། སངས་རྒྱས་མ་གཏོགས་སེམས་ཅན་མི་མཐོང་བའི་ཆེན་པོ་ཚོས། ཐ་མག་དང་ཆང་རག་གིས་གཟུགས་པོར་གནོད་ཀི་རེད་གསུངས་དུས།ངས་“བྱ་ཐབས་གང་ཡོད་། ངས་ད་བར་འཐེན་པ་ཐ་མག་མིན། གནོན་ཤུགས་ཡིན། ངས་ད་བར་བཏུངབའང་ཆང་རག་མིན།སུན་སྣང་ཡིན། གནོན་ཤུགས་དང་སུན་སྣང་དེ་ཚོས། ང་ལ་ཉིན་ལྟར་ཐ་མག་འཐེན་བཅུག་ཅིང་། དགོང་ལྟར་ཆང་རག་འཐུང་དུ་འཇུག་གི” ཞེས་ལན་འདེབས་ཀྱིན་ཡོད་ལ། འདི་ང་མི་ཕལ་བའི་ཕལ་བ་ཞིག་གིས་མི་སྡེའི་སྤྱི་ཚོགས་ལ་བཟུང་བའི་རྣམ་འགྱུར་ཡིན། སྨྱུ་གུ་ཐོགས་མཁན་གྱི་ཡི་གེ་བ་ཞིག་ཡིན་པའི་ངོས་ནས། "ངས་ནམ་རྒྱུན་དེབ་ཀློག་གི་ཡོད་མ་གཏོགས། དུས་ནམ་ཡང་རང་ཉིད་དེབ་ལ་ཀློགས་འཇུག་མ་མྱོང་" ཞེས་པའི་ཨུ་ཚུགས་ལྡོམ་པོ་འདི། ངས་ད་ལྟའི་བར་སྨྱུ་གུ་བཟུང་བའི་ལག་རྗེས་དང་དེས་བསྐྱེད་པའི་སྒལ་ཚིགས་ཡིན་པར་འདོད་ཡོད།
སྙན་ངག་ཐན་ཐུན་ནས་འབྲི་མགོ་བཙུགས་པའི་ངས་ལས་གནས་དང་དགའ་ཕྱོགས་ཀྱི་དབང་གིས་ད་ལྟའི་བར་དུ་གནས་ཚུལ་དང་སྤྱི་ཚོགས་དཔྱད་བརྗོད་གང་འཚམ་བྲིས་མྱོང་ཞིང་། བྱིས་དུས་ཀྱི་བག་ཆགས་ཡལ་རྒྱུ་མེད་པས་ངས་རང་གི་སྨྱུག་ཁ་གཞན་ཞིག་ལ་བསྒྱུར་ཡོད། ཆུང་དུས་མཁའ་དབུགས་དོག་ཅིང་དུད་སྨུག་འཁྱིལ་བའི་་གློག་བརྙན་ཁང་ལོའུ་ཞང་ཧྲི་(录像室) དག་འགྲིམས་ནས། ཉིན་མཚན་མེད་པར་ལུས་ཐོག་གི་སྟོན་པའི་ན་བཟའ་ལའང་དུད་དྲི་སིམ་རག་བར་དུ་གློག་བརྙན་དང་བརྙན་འཕྲིན་ལ་ཤི་འཐམ་རོ་འཐམ་བྱས་མྱོང་། བག་ཆགས་དེའི་དབང་གིས་བོད་ཀྱི་གློག་བརྙན་གྱི་མི་རབས་དང་བོ་ཚོའི་(པདྨ་ཚེ་བརྟན་དང་བསྟན་འཛིན་ཟླ་གསལ་སོགས)བརྩམས་ཆོས་དག་གིས་གློག་བརྙན་ནི། བག་གཡེང་དང་རོལ་རྩེད་ཙམ་མིན་པའི་གནས་ལུགས་གསལ་ཁ་བྱས་པས། བོད་ཀྱི་གློག་བརྙན་ཐོན་པ་ནས་ངས་ཀྱང་བོད་ཡིག་གི་བརྙན་དཔྱད་འབྲི་མགོ་བཙུགས་ཤིང་། བོད་ཡིག་གི་བརྙན་དཔྱད་ནི་ངའི་ཡི་གེའི་མལ་ཚུགས་ཐ་མ་དེ་ཡིན་པར་ཚོད་དཔག་བྱེད་ཀྱིན་ཡོད།
སྒྱིད་ལུག་གི་དབང་དུ་ཤོར་བའི་མི་ཚེ་འདིར། སྙན་ངག་དང་བརྡ་སྤྲོད་དགེ་རྒན་ཚད་ལྡན་ཞིག་ལས་སྦྱོང་མྱོང་མེད། འོན་ཀྱང་། བོད་ཡིག་ལ་བཅངས་བའི་བརྩེ་བ་དེའང་འགྱུར་མ་མྱོང་། དེ་ནི་རིགས་ཞེན་དང་ལ་རྒྱ་ཟེར་བ་སོགས་དང་འབྲེལ་བ་ཡོད་མེད་ཤེས་ཀྱི་མི་འདུག གཏན་འཁེལ་ནས་བཤད་ཐུབ་པ་ནི། ངས་བོད་ཡིག་གིས་རང་གི་འཁྲུལ་སྣང་རྣམས་ཡི་གེ་ལ་བཀོད་པ་ལྟར། ཡིག་རིགས་གཞན་གང་གིས་ཀྱང་བཀོད་མ་ཐུབ་པས། ང་རང་བོད་ཡིག་ལ་བརྩེ་བ་ཆགས་པ་ཡིན་འདུག ངས་ཚིགས་བཅད་སྦྱོར་ནོར་མེད་པ་དང་ཚིགས་ལྷུག་དག་ནོར་མེད་པ་གཅིག་འབྲི་མྱོང་མེད་ཟེར་ན་ཆོག་ནའང་། ང་ཡིག་ནོར་ལ་སྐྲག་ཏེ་ངས་བོད་ཡིག་འབྲི་མཚམས་འཇོག་ཐུབ་ཀྱི་མི་འདུག ད་དུང་ཡིག་ནོར་བཙན་སྒྲིག་བྱས་པ་རྣམས་གཞས་ཚིག་ཅེས་འབོད་དེ། དྲྭ་ལམ་ཁག་ནས་སྤེལ་མུས་ལགས་ན། ད་ཐེངས་ཧྥ་ཇག་ཚང་གི་ཇག་པ་ཚོས་ངའི་ནོར་འཁྲུལ་ཐོག་འཇབ་རྒོལ་བརྒྱག་པའི་རེ་བ་དང་བཅས་ས་དཀར་རྡོ་རྗེ་པས།
ངོ་སྤྲོད།
མུ་ཏིག་ཚང་གི་དྲ་ཁྱིམ་ན།། དབྱངས་གསལ་གཉིས་ཀྱི་རོལ་མོ་ཡོད།།
ཉན་མཁན་ཡོད་ན་བསུས་ནི་ཡིན།། ཇ་དང་ཁ་བརྡ་ཞོར་ནས་ཡིན།།
༡༽ བགྲོ་གླེང་གི་སྐད་ཆ།
ཆོས་ཀྱི་ཆུ་མི་འཐུང་བ། སྲིད་ཀྱི་རྩྭ་མི་ཟ་བ།
༢༽ ཆགས་སྡང་གི་སྐད་ཆ།
ངའི་འཚོ་བ་ལ་དཀའ་ངལ་མེད་ནའང་། ངའི་སེམས་པ་ལ་བདེ་སྐྱིད་མི་འདུག
༣༽ ངག་འདོན་ཆོ་ག
ང་ནི་རྩ་མི་ཚང་བའོ།། རྩ་མི་ཚང་བ་ནི་ངའོ།།
ཁྲམ་པ་ང་ཧྥ་ཇག་ཏུ་འཛུལ་ཉིན།
༢༠༢༣-༩-༢
རེས་གཟའ་སྤེན་པ།
ངའི་མི་གཤིས་ཇག་དཔོན་ཁ་ཤས་ཀྱི་རང་ཚུགས་ལས་གྲུབ་ཅིང་། ཇག་པ་ནི་མི་གཤིས་ཀྱི་ཆེས་ཚད་མཐོ་བའི་གཤིས་ཀར་གྱུར་བ་ནས་བཟུང་། ང་སྔར་བཞིན་རང་ཉིད་ཀྱི་གཤིས་ཀར་འཐམས་ནས་བསྡད་ཡོད། མྱི་ལྡིང་སྔར་བཞིན་མདུན་དུ་བསྐྱོད་རོགས།
སྐྱབས་བཅོལ་བ། སྐྱེ་ས་བོད་དང་འཆི་ས་ས་མཐའ།
བོད་མ་གཏོགས་རང་ལ་དབང་སའི་ས་ཆ་མེད།
བོད་ཡིག་མ་གཏོགས་རང་ལ་དབང་བའི་སྐད་ཡིག་མེད།
བོད་མི་རིགས་མ་གཏོགས་རང་ཉིད་མི་རིགས་གཞན་ཞིག་གིས་དེའི་རིགས་ཀྱི་ངོས་ལེན་བྱ་མི་ཐུབ།དེའི་ཕྱིར། གཞན་མི་རིགས་ཤིག་གི་ནང་དུ་འཚང་ཀ་རྒྱག་འདོད་མེད། གསོན་ན་བོད་ཡིན། ཤི་ནའང་བོད་ཡིན།
དངོས་མིང་། བསམ་གཏན་རྒྱ་མཚོ།
སྙུག་མིང་། འབའ་སྲས།
མདོ་སྨད་མཚོ་སྔོན་གྱི་ཆར་གཏོགས་འབའ་ཁ་སྒང་ཞེས་པའི་ཞིང་གྲོང་དུ་སྐྱེས། རང་ལོ་དགུ་བ་ཙམ་ནས་གྲོང་པའི་སློབ་གྲྭ་དང་རིམ་པས་གྲྭ་བའི་ཆོས་རར་ཡང་འགྲིམས། ལོ་རབས་དགུ་བཅུ་བའི་ལོ་སྟོད་དུ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཞིང་། སྔ་རྗེས་སུ་བཙུན་མའི་དགོན་པ་དང་།གསོག་སྒར་སློབ་གྲྭར་ལོ་ངོ་བརྒྱད་ཙམ་རིང་ སུམ་རྟགས་སྙན་གསུམ་གཙོས་བོད་སྐད་ཡིག་གི་དགེ་རྒན་བྱས་མྱོང་། ད་ལྟ་ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་ནང་ཡུལ་བྱོལ་བའི་མིང་བྱང་འོག་གནས་སྡོད་ བྱེད་བཞིན་ཡོད་ལ། ལས་ཞོར་དུ་དེ་གའི་བོད་རིགས་བྱིས་པ་ཚོ་ལ་གཟའ་ཉི་མར་བོད་ཡིག་སློབ་ཁྲིད་བྱེད་ ཀྱི་ཡོད།ད་དུང་འབའ་སྲས་ཀྱི་སྒེར་གཉེར་ཕ་སྐད་གཙང་མའི་ཟིན་བྲིས་ ‘སྙན་ངག་གི་གྲོང་ཁྱེར།'(bhasi.webnode.fr/སྙན་ངག་གི་གྲོང་ཁྱེར།/) ཞེས་པ་གཉེར་བཞིན་ཡོད། མ་ཟད་ ‘སྙན་ངག་གི་ཕ་ཁྱིམ་’ ཞེས་པའི་དྲྭ་ཚོམས་ཀྱི་ཚོགས་གཙོ་དང་དྲྭ་ཚོམས་དེ་དང་དེས་མཚོན་པའི་དྲྭ་ཚོམས་ཁག་ཏུ་སྙན་གཞུང་མེ་ལོང་མ་དང་རཱ་མ་ཎའི་རྟོགས་བརྗོད་སོགས་འཆད་ཁྲིད་ཀྱིས་བོད་ཕྱི་ནང་ཀུན་དུ་གདེང་འཇོག་བྱེད་ཀྱི་ཡོད།
བརྩམས་ཆོས་ལ།
སྐྱིད་སྣང་མེད་པའི་འཚོ་བ།
སྙན་ངག་གི་བསྟན་བཅོས་ཆེན་མོ་མེ་ལོང་མ་ལས་བྱུང་བའི་རྒྱན་གྱི་དབྱེ་འབྱེད་དང་། དཔེར་བརྗོད་ཀྱི་དོགས་སློང་ཟིན་བྲིས་སུ་བཀོད་པ་བློ་གསར་འཇུག་བདེ།
སྙན་ངག་གི་གྲོང་ཁྱེར།
གྱི་ལིང་གི་འཚེར་སྐད།
སྒོ་འགྲམ་གྱི་གསང་བ།
ཁོང་གིས་”མུ་མཐུད་དུ་རང་དབང་གིས་སྙན་ངག་འབྲི་བར་མཚམས་འཇོག་འདོད་མེད་པ་དེའོ། །
འཁྱག་པའི་སྒྱུ་མ་འཚོལ་བའི་ཀླུང་པ།།
མེ་ཕུང་ཤི་བོའི་མདུན་གྱི་གདོང་བཞི།།
སྒྲ་སྙན་སྟོང་བ་དཀྲོལ་བའི་ལྐུགས་པ།།
འཁྲུལ་བའི་ནང་གི་གྲུ་ཆུང་ཁེར་རྐྱང་།།
སྐྱེ་ས། མཚོ་སྔོན་པོའི་ལྷོ་རྒྱུད།
འཚར་ལོངས་ཀྱི་རྒྱགས་ཕྱེ། ཨ་མའི་ནུ་ཞོ་དང་སྦྲང་དཀར་རྩམ་པ། ད་དུང་ཕ་ལོའི་ངག་སྒོ་དང་དབྱངས་གསལ་སོ་བཞི།
སེམས་ཀྱི་རི་མོ། སེམས་ནང་ན་འོད་དུ་འཁྱིལ་བ་ཕ་ཡུལ་ཡིན་ལ། ངག་ནས་གླེང་འདོད་པའང་ཕ་ཡུལ་གྱི་སྐྱིད་སྡུག་ཡིན། ཕ་ཡུལ་ནི་འཚོ་ བའི་སེམས་རྩི་ཡིན་ལ། ཕ་ཡུལ་ནི་མིག་ཀོང་གི་མཆི་མ་ཡིན་ཞིང་ངུས་ནས་མི་འཛད་པའི་ཕ་མེས་ཀྱི་ཟུང་ཁྲག་ཡིན།
དགའ་ཕྱོགས། ཀུ་རེའི་དོན་གཏམ།